[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྐྱིད་གྲོང་གྲོང་རྡལ་རྟ་དམག་གྲོང་ཚོའི་གྲོང་མི་ཡི་སྡོད་ཁང་གསར་པའི་ནང་གི་འཚོ་བ་གསར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-30

    རྟ་དམག་ཅེས་པ་ནི“གོར་ཁའི་རྟ་དམག་གི་རྒྱུད་པར”གོ་ཞིང། དེ་ནི་སྔོན“ཤར་ཕྱོགས་ཀྱི་ཅི་ཕུ་སེ་བའི”དམིགས་བསལ་གྱི་ཚོ་པ་ཞིག་རེད། ཤོད་རྒྱུན་ལ་གོང་མ་ཆན་ལུང་གིས་དམག་དཔོན་ཕུའུ་ཁང་ཨན་བོད་དུ་གོར་ཁ་བའི་བཙན་འཛུལ་མཐར་སྐྲོད་བྱེད་པར་མངགས་པ་དང་། དམག་བརྒྱབ་རྗེས་གོར་ཁ་བའི་རྟ་དམག་བརྒྱ་ཕྲག་ཁ་ཤས་ཀྲུང་གོའི་ས་ཁོངས་ཀྱི་མཐའ་མཚམས་སུ་ལུས་པ་རེད། ད་ཆའི་རྟ་དམག་གྲོང་ཚོའི་གྲོང་མི་རྣམས་ནི་ཁོང་ཚོའི་རྒྱུད་པ་ཡིན་པ་དང་། དུས་ཡུན་རིང་པོའི་ནང་རྟ་དམག་བ་རྣམས་ཀྲུང་ནེའི་ས་མཚམས་ཀྱི་སྐྱིད་གྲོང་ལུང་ཤུར་དུ་འཚོ་གནས་བྱེད་བཞིན་ཡོད་པ་རེད།

    གྲོང་མི་བློ་བཟང་གིས“དེ་སྔ་འཁྱམ་མྱུལ་དུ་གནས་པའི་རྟ་དམག་བ་རྣམས་ལ་འཚོ་བ་ཞེས་པ་གླེང་ཐབས་མེད”ཅེས་བརྗོད་པ་ལྟར་སྔོན་ཆད་རྒྱལ་ཁོངས་མེད་པས་རྟ་དམག་བ་ས་ཕྱོགས་གང་དུའང་སྐྱོད་ཐབས་བྲལ།

    2003ལོའི་ཟླ་5ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྟ་དམག་བ་དུད་ཚང་40ལྷག་ཙམ་ཀྲུང་གོའི་རྒྱལ་ཁོངས་སུ་འཇུག་རྒྱུའི་ཆོག་མཆན་དངོས་སུ་སྤྲད་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ལག་ཁྱེར་རག་པའི་ཉིན་དེར། བློ་བཟང་དགའ་ཚོར་དཔག་མེད་སྐྱེས་ཏེ་མཚན་གང་གཉིད་ཁུག་མེད་པ་རེད།

    “རྟ་དམག་བ་དེ་སྔ་བཞིན་འཁྱམ་མྱུལ་དུ་འགྲོ་དགོས་ཀྱི་མེད། ང་ཚོ་ཡང་ཀྲུང་གོ་བ་ཡིན”ཞེས་བློ་བཟང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    ཐོབ་པར་དཀའ་བའི་བདེ་སྐྱིད་ལྡན་པའི་འཚོ་བར་བློ་བཟང་གིས་གཅེས་འཛིན་ལྷག་པར་བྱེད་ཅིང་། 2004ལོར། བློ་བཟང་གིས་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་པའི་ཞུ་ཡིག་བསྐྱལ་བ་དང་། རྩ་འཛུགས་ཀྱིས་བསམ་གཞིག་བྱས་ནས་མོས་མཐུན་ཐོབ་པ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་མི་ཞིག་ཏུ་གྱུར། ལས་ཀ་ཏན་ཏིག་སྒྲུབ་པ་དང་འཇོན་ཐང་ཆེ་བར་བརྟེན་ཁོང་རྟ་དམག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད།

    ན་ནིང་ལོ་གཅིག་རིང་བློ་བཟང་ལ་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཁོ་ན་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་ཡོད་ཅིང་། ཁོང་གིས“དངོས་གནས་ཡག་པོ་འདུག ལོ་དེ་དག་རིང་རྒྱལ་ཁབ་ཀྱིས་སྐྱིད་གྲོང་གྲོང་རྡལ་འཛུགས་སྐྲུན་ལ་མ་དངུལ་འབོར་ཆེན་བཏང་བས་གྲོང་ཚོའི་རྣམ་པ་ཉིན་རེ་ལས་ཉིན་རེ་མ་བསྡད་པར་ལེགས་སུ་ཕྱིན་སོང་ལ། རྟ་དམག་བར་ལས་ཞུགས་ཀྱི་གོ་སྐབས་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་སོང”ཞེས་བཤད།

    2014ལོར། སྐྱིད་གྲོང་གི་ཕྱོགས་གཉིས་རང་བཞིན་གྱི་འགག་སྒོ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་། 2016ལོར། སྐྱིད་གྲོང་འགག་སྒོའི་རྒྱལ་སྤྱིའི་ཚོང་དོན་འཕེལ་རྒྱས་མྱུར་པོ་བྱུང་བ། 2017ལོར། སྐྱིད་གྲོང་འགག་སྒོ་རྒྱ་སྐྱེད་བཏང་ནས་ཀྲུང་གོ་དང་ནེ་པ་ལ་ཕུད་པའི་རྒྱལ་ཁབ་ཀྱི་མི་སྣར་སྒོ་ཕྱེ་ནས་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོར་དངོས་སུ་གྱུར་ཡོད། འགག་སྒོའི་ཚོང་དོན་ལ་བརྟེན་ནས་བློ་བཟང་གི་བུ་མིག་དམར་དོན་གྲུབ་ཀྱིས་ཕྱི་ཕྱོགས་སུ་སྐྱེལ་འདྲེན་ལས་ཀ་བྱེད་བཞིན་ཡོད་པ་རེད།

    ཉེ་དུས། བློ་བཟང་རང་ཁྱིམ་གྱི་ཐོག་ཁེབས་བཟོ་བཅོས་རྒྱག་བཞིན་ཡོད་པ་དང་། ད་ཆའི་སྡོད་ཁང་དུ་སྤོས་པ་ནས་བཟུང་། ཁོང་གིས་ཁང་པ་བཟོ་བཅོས་ཐེངས་བཞི་བརྒྱབ་ཡོད་པ་རེད། 2004ལོར། བོད་རང་སྐྱོང་ལྗོངས་ཀྱི་མཐའ་བརྟན་དམངས་ཕྱུག་གི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་147བཏང་ནས་རྟ་དམག་གྲོང་ཚོར་རྒྱ་ཁྱོན་ལ་སྨི་ངོས་གྲུ་3846ཟིན་པའི་སྡོད་ཁང་གསར་པ་བསྐྲུན་པ་རེད། 2011ལོར། “9.18”ཀྱི་ས་ཡོམ་བརྒྱབ་རྗེས་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་564བཏང་ནས་རྟ་དམག་གྲོང་ཚོའི་གྲོང་མིར་སྡོད་ཁང་གསར་པ་སྟར་པ་47བསྐྲུན་པ་དང་། དུད་ཚང་རེའི་ཁང་པའི་རྒྱ་ཁྱོན་སྨི་ངོས་གྲུ་90ཟིན་ཡོད་པ་རེད། 2015ལོར། “4.25”ཡི་ས་ཡོམ་བརྒྱབ་རྗེས། རྒྱལ་ཁབ་ཀྱིས་སླར་ཡང་མ་དངུལ་འབོར་ཆེན་བཏང་ནས་རྟ་དམག་གྲོང་ཚོའི་སྡོད་ཁང་ལ་གེགས་རྗེས་བསྐྱར་སྐྲུན་བྱས་ཡོད་པ་རེད།

    རྟ་དམག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་གཡུང་དྲུང་གིས་ངོ་སྤྲོད་བྱས་དོན། འདི་ལོ་རྒྱལ་ཁབ་ཀྱིས་རྟ་དམག་གྲོང་ཚོའི་མཐའ་མཚམས་འབྱོར་འབྲིང་གྲོང་མིའི་སྡོད་ཁང་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་བ་དང་། ལས་གྲྭ་དེ་དུད་ཚང་47དང་འབྲེལ་བ་ཡོད་པ་དང་མ་དངུལ་སྒོར་ཁྲི་300ཙམ་བཏང་ཡོད་པ་རེད། མི་རིང་བར། རྟ་དམག་གྲོང་ཚོ་དེ་ཉིད་སྐྱིད་གྲོང་རྫོང་གི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གཏོད་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།