[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • 2017ལོའི་ཟླ་5པར་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཆུ་གསུམ་གྲོང་ཚོ་ནས་ཡུལ་སྨད་ཤང་བར་གྱི་ཁྱོན་རིང་ཚད་སྤྱི་ལེ་33ཡོད་པའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་པ།

    སྔོན་ཆད་ཀྱི་ཉེན་ལམ་དེ་ད་ཆ་བདེ་ལམ་ལ་འགྱུར་བཞིན་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-07

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་ཆུ་གསུམ་གྲོང་ཚོ་ནས་ཡུལ་སྨད་ཤང་བར་ཐག་དེ་ཙམ་རིང་པོ་མེད་པ་དང་ས་གནས་དེ་གཉིས་དབར་རི་ལ་རི་བོས་བཅད་ཡོད། ཆུ་གསུམ་གྲོང་ཚོ་ནས་ཡུལ་སྨད་ཤང་བར་གྱི་གཞུང་ལམ་ཧྲིལ་པོར་སྤྱི་ལེ་33ལས་མེད་པ་རེད།

    ལམ་བུའི་གནས་ཚུལ་དེ་ཐོག་མར་མེད་པ་ནས་རྟ་དྲེལ་གྱི་འཕྲང་ལམ་བར་དང་། དེ་ནས་བྱེ་རྡོའི་ལམ་བར་ཉིན་འགའ་ཤས་ནས་ཉིན་ཕྱེད་དང་། དེ་ནས་ཆུ་ཚོད་འགའ་ཤས་བར་ཡུལ་སྨད་ལ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་གྱི་གནས་ཚུལ་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

    ལོ་བཅུ་ཕྲག་འགའ་ཤས་རིང་། མེས་རྒྱལ་གྱི་མཐའ་མཚམས་སུ་གནས་པའི་ཡུལ་སྨད་བ་ཚོས་འགྱུར་ལྡོག་དེའི་དཔང་པོ་བྱས་ཡོད།

    འདི་ལོ་ལོ་65ལ་སླེབས་པའི་ཚེ་རིང་མཚོ་མོ་ནི་སྔོན་ཆད་ལྷུན་རྩེ་རྫོང་རྩ་རི་ཤང་ནས་ཡིན་པ་དང་། 1996ལོར་ཚེ་རིང་མཚོ་མོ་དང་བཟའ་ཟླས་རང་ཁྱིམ་ཡུལ་སྨད་དུ་སྤོས་པ་དང་། 2001ལོའི་ཟླ་9པར་ཕྱིར་བསྐྱོད་པའི་གཞུང་ལམ་ཤར་གཏོང་ཐུབ་པས་ཚེ་རིང་མཚོ་མོས་མིག་ཟུང་ཕྱིར་ཕྱོགས་པས་བསམ་ཚུལ་མང་པོ་ཞིག་སྐྱེས།

    མ་གཞི་གཞུང་ལམ་ཤར་གཏོང་ཐུབ་མོད། འོན་ཀྱང་དཀའ་ངལ་དངོས་ཡང་མི་ཉུང་བ་ཞིག་འཕྲད་ཡོད།

    ཡུལ་སྨད་ཤང་གི་ཤང་ཀྲང་གཞོན་པ་ཧྲང་ལིན་ཀུའེ་ཡིས་གསར་འགོད་པར། མང་ཚོགས“ཕྱིར་སྐྱོད་དཀའ་བ་དང་ཕྱིར་སྐྱོད་པར་ཉེན་ཁ་ཆེ་བའི”གནད་དོན་ནུས་ལྡན་ངང་ཐག་གཅོད་བྱ་ཆེད། 2017ལོའི་ཟླ་5ཚེས་20ཉིན་ནས་བཟུང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཆུ་གསུམ་གྲོང་ཚོ་ནས་ཡུལ་སྨད་ཤང་བར་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་པ་རེད། རྣམ་གྲངས་འཛུགས་སྐྲུན་བྱས་རྗེས་ཆུ་ཡུལ་གཞུང་ལམ་དེ་ཕྱོགས་གཉིས་ལ་རླངས་འཁོར་ཉིས་གཤིབ་ངང་ཤར་གཏོང་ཐུབ་པའི་རིམ་གསུམ་གཞུང་ལམ་ལ་གྱུར་ནས་ལམ་ཐག་ཆུ་ཚོད་གཉིས་ཙམ་ཐུང་དུ་འགྲོ་རེ་ཡོད་ཅེས་བཤད།

    ཤོད་མཚམས་འདིར་སླེབས་སྐབས། ཧྲང་ལིན་ཀུའེ་ཡིས་དགའ་ཚོར་ཆེན་པོས་གསར་འགོད་པར་གཏམ་རྒྱུད་ཅིག་བཤད།

    འདི་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་བཏང་མ་ཐག་སློབ་ཆེན་སློབ་འགོ་ཚུགས་པའི་དུས་ཚོད་འཆར་ལ་ཉེ། ཟླ་2ཚེས་26ཉིན་དུས་ཡུན་ཟླ་གཅིག་ཙམ་བསྟུད་མར་བབས་པའི་གངས་འབབ་མཚམས་ཆད་པ་དང་། མ་མཇལ་ཡུན་རིང་སོང་བའི་དྲོད་འཇམ་ཉི་འོད་ཀྱང་ཡུལ་སྨད་ཀྱི་ས་གཞིའི་སྟེང་ཁྲ་ལྷམ་མེར་འཕྲོས།

    ཤང་གི་སློབ་ཆེན་སློབ་མ་གསུམ་པོ་ཤང་ནས་སློབ་ཆེན་ལ་འབྱོར་ཐོ་འགོད་པར་འགྲོ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། མ་ཐོན་གོང་རི་སྟེང་ནས་ཡོང་མཁན་གྲོང་མི་འགའ་ཤས་ཀྱིས་སློབ་མ་གསུམ་པོར་སླར་ཡང་གངས་ཉིལ་ནས་ལམ་འགགས་ཏེ་འགྲོ་ཐུབ་ཀྱི་མི་འདུག་ཅེས་བཤད།

    གནས་ཚུལ་དེ་ཤེས་རྗེས་སློབ་མ་དང་ཁྱིམ་བདག་ཚོར་སེམས་ཁྲལ་ཆེན་པོ་སྐྱེས། ཚེ་རིང་མཚོ་མོའི་ཚ་མོ་བཀྲ་ཤིས་བདེ་སྐྱིད་ནི་དེའི་ཁྲོད་ཀྱི་སློབ་ཆེན་སློབ་མ་ཞིག་རེད།

    “ཚ་མོ་ལན་ཀྲོའུ་རུ་སློབ་ཆེན་འགྲིམས་པར་འགྲོ་མཁན་ཡིན་པ་མ་ཟད། མེ་འཁོར་གྱི་སྤ་སེ་ཡང་མངགས་ཟིན། གལ་སྲིད་ལམ་བར་གྱི་དུས་ཚོད་ནར་འགྱངས་ཕྱིན་ན་འཐུས་ཤོར་འགྲོ་ངེས་རེད”ཅེས་ཚེ་རིང་མཚོ་མོས་བཤད། དེས་ན་ཁོང་གིས་ཤང་སྲིད་གཞུང་འཚོལ་བར་ཕྱིན། ཤང་སྲིད་གཞུང་གིས་སླར་ཡང་ཆུ་ཡུལ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་གཞུང་ལས་ཁང་དང་འབྲེལ་གཏུག་བྱས་ཏེ་གཞུང་ལམ་འཛུགས་སྐྲུན་པ་ཚོར་གནད་དོན་དེ་ཐག་གཅོད་བྱེད་རོགས་བྱ་རྒྱུའི་རེ་བ་བཏོན་པ་རེད།

    ཆུ་ཡུལ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་གཞུང་ལས་ཁང་གིས《ཤར་གཏོང་འགན་ལེན་གྱི་འཕྲལ་སྡོམ་སྔོན་ཇུས》འཕྲལ་དུ་ལག་བསྟར་བྱས་ནས། རྣམ་གྲངས་ཀྱི་དུས་མཚམས་འཕྲལ་སྡོམ་ཚོགས་ཆུང་གཉིས་དང་མཐུན་སྦྱོར་གྱིས་གངས་ཉིལ་བའི་ལམ་དུམ་བུ་བཤངས་པ་རེད། “བདེ་འཇགས་འགན་ལེན་ཆེད་འཕྲལ་སྡོམ་ཚོགས་ཆུང་གཉིས་ཀྱིས་ཚེས་27ཉིན་གྱི་ཐོ་རེངས་ཆུ་ཚོད་6པར་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་དེ་ཆུ་ཚོད་12ཙམ་གངས་གསོག་ཐེབས་པ་རྣམས་གཙང་སེལ་བྱས་ཏེ་སློབ་ཆེན་སློབ་མ་གསུམ་དུས་བཀག་ལྟར་སློབ་གྲྭར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་ཡིན”ཞེས་ཆུ་ཡུལ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་པ་ལིའུ་ཝུའེ་ཡིས་དྲན་གསོ་དང་བཅས་བཤད།

    ཆུ་གསུམ་གྲོང་ཚོ་ནས་ཡུལ་སྨད་ཤང་དུ་སྤྱི་ལེ་12སྐྱོད་མཚམས་ནས་འགོ་བཙུགས་ཏེ་སྣུར་སྲིང་བྱས་པའི་ལམ་དུམ་བུ་སྤྱི་ལེ་6ཙམ་ཡོད་པ་དེ་ནི་གངས་ཡང་ཡང་ཉིལ་སའི་ལམ་དུམ་བུ་ཞིག་རེད། ཆར་དུས་སུ་ཆར་ཆུ་ཡང་ཡང་འབབ་པ་དེས་ལམ་ངོས་ལ་གཏོར་སྐྱོན་ཐེབས་པ་མ་ཟད། གཞུང་ལམ་ལམ་རྒྱུད་ཀྱི་ས་གཤིས་བརྟན་པོ་མེད་སར་རྡིབ་པ་སོགས་གནས་ཚུལ་ཐོན་གྱི་ཡོད།

    “དོན་དངོས་དེར་གཞིགས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་དུས་འགོར་ང་ཚོས་གངས་ཉིལ་སའི་ལམ་དུམ་བུར་ལམ་ཐིག་སྒྱུར་བའི་འཆར་འགོད་བྱས་པ་དང་། ཨར་སྐྲུན་བྱེད་རིང་ལམ་ངོས་ཆགས་པའི་ཚོད་ལྟར་ཤུགས་སྣོན་བརྒྱབ་སྟེ་འགོག་སྲུང་ལས་གྲྭའི་འཛུགས་སྐྲུན་སོགས་མགྱོགས་སུ་བཏང་བ་ཡིན”ཞེས་ཆུ་ཡུལ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་ཡོན་ཏན་རྡོ་རྗེས་བཤད།

    ཡོན་ཏན་རྡོ་རྗེས་ཆུ་ཡུལ་གཞུང་ལམ་གྱི་རྣམ་གྲངས་ལས་འགོ་བཙུགས་པ་ནས་བཟུང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”ཞེས་དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རྣམ་གྲངས་ཀྱི་སྤུས་ཚད་དང་། བདེ་འཇགས། མྱུར་ཚད་བཅས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་མིག་སྔར་ལས་དོན་ཁག་ལ་དུས་ཚོད་དམ་འཛིན་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། རྣམ་གྲངས་ལེགས་སྒྲུབ་ཟིན་རྗེས་ཡུལ་སྨད་ཤང་གི་མང་ཚོགས་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དུ་བསྐྱོད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།