[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • དབུལ་སྐྱོར་གནས་སྤོའི་དུད་ཚང་གི་གྲོང་མི་པ་སངས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-28

    སྣེའུ་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མང་ཚོགས་པ་སངས་ཀྱི་ཁྱིམ་དུ་དྲོ་སོབ་སོབ་ཀྱི་རྣམ་པས་ཁེངས། སྨི་ངོས་གྲུ་60ལྷག་ཙམ་གྱི་བཀོད་སྒྲིག་ཁང་པར་ཉལ་ཁང་གཉིས་དང་། ཚོམས་ཆེན་གཅིག ཐབ་ཚང་དང་གསང་སྤྱོད་གཅིག་ཡོད་པས་པ་སངས་དང་བཟའ་ཟླ་ཉི་སྒྲོན་གཉིས་པོ་ཁང་པ་མེད་པའི་སེམས་ཁྲལ་བྱེད་དགོས་མེད། གནས་སྤོ་བྱས་རྗེས་པ་སངས་དང་ཉི་སྒྲོན་བཟའ་ཚོས་ཁུལ་ཆུང་གི་སྡེ་ལས་སུ་གཙང་སྦྲའི་ལས་ཀ་བྱེད་ཀྱི་ཡོད། དེ་ནས་བཟུང་ཁོང་ཚོར་འཚོ་བའི་བརྟེན་ས་བྱུང་ཡོད། གསར་འགོད་པས་བཅར་འདྲི་བྱེད་སྐབས་ཁ་སངས་པོ་མེད་པའི་པ་སངས་ཀྱིས“དེ་ཚོ་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་རང་ཡིན”ཞེས་བཤད།

    འདི་ལོའི་ཟླ་4ཚེས་10ཉིན་ནི་པ་སངས་ཀྱི་མི་ཚེའི་ནང་གི་ཆེས་བརྗེད་པར་དཀའ་བའི་ཉིན་མོ་ཞིག་སྟེ། སྣེའུ་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ནས་བཟའ་ཟླ་གཉིས་པོར་སྨི་ངོས་གྲུ་60ལྷག་ཙམ་ཡོད་པའི་ཁང་པ་གསར་པ་ཞིག་བགོ་བཤའ་བརྒྱབ་ཡོད། “སྲིད་གཞུང་གིས་བརྙན་འཕྲིན་དང་། གོས་འཁྲུའི་འཕྲུལ་ཆས། འཁྱག་སྒམ། རྒྱ་ལྕོག་སོགས་འཛིན་ཆས་སྒྲིག་སྦྱོར་བྱས་ཡོད་པས། གྱོན་གོས་དང་ཕོ་ཁེབས་འཁྱེར་ན་ང་ཚོ་ཁང་པའི་ནང་བསྡད་ཆོག་ཆོག་རེད”ཅེས་པ་སངས་ཀྱིས་ཏང་དང་སྲིད་གཞུང་གི་བཀའ་དྲིན་སེམས་ལ་འཆང་བཞིན་དེ་ལྟར་བཤད།

    སྣེའུ་ཁུལ་གསར་གྱིས་གནས་སྤོས་མང་ཚོགས་ལ་སྒྲིག་འཛུགས་བྱས་པའི་ལས་བསྡུའི་ཚོགས་འདུ་བརྒྱུད། ད་ཆ་པ་སངས་དང་བཟའ་ཟླ་ཉི་སྒྲོན་ལ་ལྷ་ས་སྣེའུ་གྲོང་ཁྱེར་མ་འཇོག་སྡེ་ལས་ཞབས་ཞུ་ཚད་ཡོད་ཀུང་སི་ནས་ཟླ་རེར་མི་རེར་གླ་ཆ་སྒོར་2700ཡོད་པའི་གད་པའི་ལས་ཀ་རག་པ་དང་། མི་གཉིས་ལ་ཟླ་རེར་ཁྱོན་གླ་ཆ་སྒོར་5400ཡོད་པ་རེད། ད་ལྟའི་འཚོ་བའི་སྐོར་གླེང་སྐབས་པ་སངས་ཀྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ“ད་ཆ་རང་ཉིད་ལ་ཁང་པ་ཡོད་པ་མ་ཟད། ལས་ཀ་ཡང་ཡོད། དེ་དག་ནི་སྔོན་ཆད་བསམ་ཡང་མི་ཕོད་པ་ཞིག་རེད། ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་དཀའ་སྤྱད་འབད་བརྩོན་གྱིས་དེ་བས་སྐྱིད་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    “རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འཚོ་བ་སྔར་ལས་ལྷག་པ་ཞིག་སྐྱེལ་རྒྱུ་ཡིན”ཞེས་པ་སངས་གིས་དེ་ལྟར་བརྗོད་པ་མ་ཟད། དོན་ཐོག་ཏུ་ཡང་དེ་ལྟར་འཁྱོལ་གྱི་ཡོད། ཁོང་གིས་ཡོང་འབབ་ནས་ཕྲན་ཙམ་བཏོན་ཏེ་གསང་སྤྱོད་ནང་ཆུ་སྲོ་ཆས་ཤིག་དང་ཐབ་ཚང་ལ་དུ་འཐེན་འཕྲུལ་ཆས་ཤིག་བསྒར་བ་དང་ད་དུང་འཁོར་གསུམ་གློག་སྒུལ་སྦག་སྦག་ཞིག་ཀྱང་ཉོས་ཡོད། “ཟླ་རེའི་ཡོང་འབབ་ཧ་ཅང་བརྟན་པོ་འདུག དེར་གནས་སྤོས་རྗེས་ང་གཉིས་ཀྱིས་ད་བར་སྒོར་ཁྲི་2ལྷག་བསགས་ཐུབ་བྱུང་བས་རྗེས་སུ་འཚོ་བར་སེམས་ཁྲལ་གཏན་ནས་མི་འདུག”ཅེས་བཤད།

    ཆུ་ཤུར་རྫོང་སྣེའུ་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་ཁྱོན་མང་ཚོགས་དབུལ་པོའི་དུད་ཚང་228བཀོད་སྒྲིག་བྱས་ཡོད། མང་ཚོགས་རྣམས་གང་མགྱོགས་གནས་སྤོས་རྗེས་ཀྱི་འཚོ་བ་གོམས་པ་དང་གང་མགྱོགས་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། ཆུ་ཤུར་རྫོང་གིས་ལས་བྱེད་པ་5གནས་སྤོ་བྱ་ཡུལ་དུ་བཏང་ནས་གནས་སྤོས་མང་ཚོགས་ལ་འཚོ་བ་དང་ལས་ཞུགས་སོགས་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།