[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ནག་ཆུ་གྲོང་རྡལ། བྱང་རྩྭ་ཐང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྗིད་ཆེའི་ལེའུ་བརྩམས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-02

    544729_yis_1535444461731_b.jpg

    འདི་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ནག་ཆུ་གྲོང་རྡལ་དར་ཆ་ལྷ་མོ་གྲོང་ལྷན་གྱི་འབྲོག་པའི་སྤྲོ་སྐྱིད་ཁང་ཡིན་པ།

    ཐོན་ལས་འཕེལ་རྒྱས་བཏང་ནས་ལེའུ་གསར་པ་རྩོམ་པ།

    ལོ་25ལ་སླེབས་པའི་ཀུའུ་ཕ་ནི་ནག་ཆུ་གྲོང་རྡལ་གྱི་འབྲོག་པའི་སྲོལ་རྒྱུན་བོད་ཟས་ཁང་གི་ཞབས་ཞུ་མ་ཞིག་ཡིན་པ་དང་། བག་ཕེབས་ལ་བློ་གཤོགས་ཡངས་པའི་ཁོང་དང་ང་ཚོ་དེ་མུར་གླེང་མོལ་བྱེད་འགོ་ཚུགས།

    གླེང་མོལ་ཁྲོད་ང་ཚོས་ཀུའུ་ཕ་ནི་ནག་ཆུ་གྲོང་རྡལ་གྱི་གྲོང་ཚོ་18པའི་གྲོང་མི་ཡིན་པ་དང་ཁྱིམ་དུ་ནང་མི་8ཡོད་ལ་གཙོ་བོ་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་འཚོ་བ་ཁ་ཐང་པོ་ཡོད་པ་རེད། འདི་ལོའི་ཟླ་4པར་གྲོང་རྡལ་གྱིས་ཁོང་ཁྱིམ་གྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཁོང་འབྲོག་པའི་སྲོལ་རྒྱུན་བོད་ཟས་ཁང་དུ་ལས་ཀ་འཚོལ་རོགས་བྱས།

    “ང་སློབ་གྲྭ་ལོ་གསུམ་ལས་འགྲིམ་མྱོང་མེད། ཐོག་མར་དེ་གར་ཡོང་སྐབས་གང་ཡང་ཤེས་ཀྱི་མེད། ཐ་ན་ལག་ཐོགས་ཁ་པར་ཡང་བེད་སྤྱོད་གཏོང་ཤེས་ཀྱི་མེད། གསོ་སྦྱོང་དང་སློབ་སྦྱོང་ལ་བརྟེན་ནས་ད་ལྟ་ཟླ་རེར་སྒོར་3000ལྷག་ཙམ་གྱི་ཡོང་འབབ་ཡོད་ལ་ད་དུང་ཤེས་བྱ་མང་པོ་ཞིག་སྦྱོང་ཐུབ་པས་ང་ས་ཆ་དེ་གར་ཧ་ཅང་དགའ་པོ་འདུག འབད་འཐབ་བརྒྱུད་སླད་ཕྱིན་ཟ་ཁང་དེ་འདྲ་ཞིག་འཛུགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཀུའུ་ཕས་རང་ཉིད་ཀྱི་སེམས་ནང་གི་སྐད་ཆ་བཤད།

    བོད་ཟས་ཁང་གི་ཅིང་ལི་ཞུའེ་ཧུང་མེ་ཡིས“ང་ཚོའི་དེ་གར་ཀུའུ་ཕ་དང་འདྲ་བའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་17ཙམ་བསྡུས་ཡོད་པས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་ཐུབ་ཡོད། དེ་དང་ཆབས་ཅིག བོད་ཟས་ཁང་གི་མ་བཅོས་རྒྱུ་ཆ་ཚང་མ་ནི་འབྲོག་ཁུལ་ནས་ཉོས་པས་ཟས་རིགས་ལྷད་མེད་པ་དང་སོས་པ་ཡིན་པའི་འགན་ལེན་བྱས་ཡོད་ལ་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་ཀྱང་མང་དུ་སོང་ཡོད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་རྡལ་གྱིས་རང་ངོས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་བབ་བསྟུན་སྣེ་ཁྲིད་ཀྱིས་ལྷག་བསམ་ཁེ་ལས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་དང་དེའི་གཤམ་འོག་ཏུ་འབྲོག་པའི་སྲོལ་རྒྱུན་བོད་ཟས་ཁང་དང་། དབུལ་སྐྱོར་འབྲོག་ར། གཏེར་ཆུ་བཟོ་གྲྭ་སོགས་ཁེ་ལས་13ཡོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་སྔོན་ཚུད་གནས་བབ་མངོན་གསལ་དོད་པོ་ཡོང་བ་བྱས་ནས“ཁྲོམ་རའི་བྱེད་པོ་གསར་པ་དང་། འབབ་འཕར་དཔེ་སྟོན་དུད་ཚང་། དུད་ཚང་དབུལ་པོ་བཅས་ཟུང་དུ་སྦྲེལ་བའི”ཐོན་ལས་དབུལ་སྐྱོར་བྱེད་སྟངས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རྒྱ་ཆེའི་འབྲོག་པ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཆེད་སྒུལ་ཤུགས་བསྣན་ཡོད་པ་རེད།

    ལས་ཞུགས་ལས་གཏོད་ཀྱི་ཚ་རླབས་འཕྱུར་བཞིན་པ།

    ནག་ཆུ་གྲོང་རྡལ་སྲིད་གཞུང་དུ་སྐྱོད་སྐབས“ནག་ཆུ་གྲུ་དམར་དེད་དཔོན་གྱི་ཀུན་གཏོད་བར་མཐོངས”ཞེས་པའི་སྒོ་བྱང་མངོན་གསལ་དོད་པོ་ཞིག་མཐོང་ཐུབ། གསེར་རྙེད་ཆུས་ཀྱི་རྒྱུན་ལས་ཆུས་ཀྲང་གཞོན་པ་ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ལིའུ་ཏེ་ཝུའེ་ཡིས་ང་ཚོར“ཉེ་བའི་ལོ་གཉིས་ནང་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་སྲིད་ཇུས་ལེགས་སྒྲིག་བྱས་པ་དང་བསྟུན་ནས་སྐྱེ་ཁུངས་ནག་ཆུ་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ཕ་ཡུལ་དུ་ལོག་ནས་རང་བརྟེན་ལས་འདེམས་བྱས་ཡོད་མོད། འོན་ཀྱང་ནག་ཆུར་ཁེ་ལས་ཉུང་བས་ས་ཆ་གཞན་གྱི་ཤེས་ལྡན་པ་ཡོང་མ་ཕོད་པ་དང་ས་ཆ་དེ་གའི་ཤེས་ལྡན་པ་ཡོང་འདོད་མེད་པའི་དཀའ་གནད་འཕྲད་པ་དང་ཁེ་ལས་ཀྱིས་ཤེས་ལྡན་པ་བསྡུ་མ་ཐུབ་པ་དང་ཕ་ཡུལ་དུ་ལོག་མཁན་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཐག་གཅོད་གང་ལེགས་མི་ཐུབ་པའི་འགལ་ཟླ་འཕྲད་ཡོད། ཕ་ཡུལ་དུ་ལོག་མཁན་སློབ་གྲྭ་ཆེ་མོ་བས་ལས་ཞུགས་ཀྱི་ལྟ་བ་བསྒྱུར་རྒྱུར་ཁྲིད་སྟོན་དང་ཀྲུང་དབྱང་གི‘ཀུན་གྱིས་བྱ་གཞག་བསྐྲུན། དམངས་ཀྱིས་གསར་གཏོད་བྱེད་པའི’འབོད་སྐུལ་དང་ལེན་ཞུ་ཆེད་ཅ་ཤིང་གྲོང་ཁྱེར་གྱི་བོད་སྐྱོར་ཚོགས་ཆུང་གི་རོགས་རམ་འོག་ནག་ཆུ་གྲུ་དམར་དེད་དཔོན་གྱི་ཀུན་གཏོད་བར་མཐོངས་དེ་2017ལོའི་ཟླ་12ཚེས་8ཉིན་དངོས་སུ་བསྐྲུན་ཟིན་ནས་སྒོ་དབྱེ་བ་རེད”ཅེས་བཤད་བྱུང་།

    དུས་ཐུང་ལོ་གཅིག་ནང་ན་གཞོན་ལས་གཏོད་པ་ཚོས་ས་གནས་དེ་གའི་ལེགས་ཆའི་ཐོན་ཁུངས་དང་རིག་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བཟའ་བཅའི་ནས་དང་། རྩྭ་ཐང་རིག་གནས་ཀྱི་མཛེས་འཆོས་སྒྲིག་ཆས། བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་འབོར་ཆེན་ཞིག་ཁྲོམ་རར་བཏོན་པར་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་ཡོད་པ་རེད།

    “ང་ཚོས་བཟའ་བཅའ་རིགས་13དང་ཡུལ་ཟོག་རིགས་24དེ་བཞིན་བཟོ་རྩལ་ཐོན་རྫས་གཞན་དག་བཅས་ཁྱོན་ཐོན་རྫས་སྣ་ཁ་བརྒྱ་ལྷག་ཙམ་གསར་སྤེལ་བྱས་པར་ལོའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་5000ལྷག་ཙམ་ཟིན་ནས་ས་གནས་དེ་གའི་སློབ་གྲྭ་ཆེ་མོ་བ་40ལྷག་ཙམ་གྱི་ལས་གཏོད་ལ་སྣེ་ཁྲིད་བྱས་ཡོད”རྩམ་པ་དང་ནག་ཆུ་གྲུ་དམར་དེད་དཔོན་གྱི་ཀུན་གཏོད་བར་མཐོངས་ཀྱི་ལས་དབང་གཅིག་ཏུ་སྦྲེལ་ཡོད་ཅེས་སི་ཁྲོན་བཟོ་ལས་སློབ་གླིང་བཟའ་བཅའ་ཆེད་ལས་ཀྱི་ལི་ཧན་ཡུང་གིས་སྤོབས་པ་ཆེན་པོས་བཤད།

    ཉིན་ཤས་གོང་ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་གྱི་བོད་སྐྱོར་ཚོགས་ཆུང་གི་མཐུན་སྦྱོར་འོག་ནག་ཆུ་གྲུ་དམར་དེད་དཔོན་གྱི་ཀུན་གཏོད་བར་མཐོངས་ཀྱིས་སྔ་རྗེས་སུ་པེ་ཅིང་སློབ་ཆེན་ལྷ་སའི་ལས་གཏོད་གསོ་སྦྱོང་ཁང་དང་། དུས་རབས་ཀྱི་ཐང་དཀར་རྒོད་པོ·ཧང་ཀྲོའུ་ལས་གཏོད་འཕེལ་རྒྱས་སྐུལ་འདེད་ཚོགས་འདུའི་ཐོག་རོགས་སྐྱོར་མཉམ་སྐྲུན་གྱི་འདོད་མཐུན་གན་རྒྱ་བཞག་ནས་སྨི་ངོས་གྲུ་1900ཟིན་པའི་ཀུན་གཏོད་བར་མཐོངས་ཀྱི་རྟེན་གཞི་གསར་པ་སྐྲུན་བཞིན་ཡོད་པ་རེད། སྐབས་དེར་གྲུ་དམར་དེད་དཔོན་གྱི་ཀུན་གཏོད་བར་མཐོངས་ཀྱི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ལས་གཏོད་གསོ་སྦྱོང་དང་། དྲ་ཐོག་ཚོང་དོན་མཉམ་འདྲེས། བཅའ་ཁྲིམས་ནོར་དོན་གྱི་ཚན་རྩལ་ཞབས་ཞུ་སོགས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་སྐྱེ་ཁུངས་ནག་ཆུ་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ཀྱི་དགའ་ཚལ་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད།

    མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བཏང་བ།

    ནག་ཆུ་གྲོང་རྡལ་དར་ཆ་ལྷ་མོ་སྡེ་ཁུལ་གྲོང་ལྷན་ནི་ནག་ཆུ་གྲོང་རྡལ་པིན་ཧོ་ལམ་དུ་གནས་པ་དང་དུས་ཡུན་རིང་པོའི་ནང་དེ་གར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས་བཅས་ཀྱི་གྲོང་མི་འཚོ་སྡོད་བྱེད་ཀྱི་ཡོད།

    གྲོང་ལྷན་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཉི་མས“ང་ཚོས་མི་གཞན་གྱི་སྐྱོན་ཆ་གཡག་ལས་ཆེ་བ་ཡོད་པར་མི་ལྟ་བར། རང་ཉིད་ཀྱི་སྐྱོན་ཆ་ཤིག་ལས་ཆུང་བ་ཡོད་པ་བསམ་བློ་འཁོར་བ་བྱེད་དགོས། སོ་སོའི་དམངས་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མཐུན་སྒྲིལ་ཆེ་མོའི་ཆེད་དུ་བྱ་བ་མང་ཙམ་བསྒྲུབས་ཚེ་མི་རིགས་མཐུན་སྒྲིལ་གྱི་འབྲེལ་བ་གཞི་ནས་ཞི་མཐུན་ཡོང་ཐུབ”ཅེས་གསོན་ཉམས་དོད་པའི་སྒོ་ནས་བཤད།

    གྲོང་ལྷན་དེས་གཟའ་འཁོར་རེའི་རེས་གཟའ་པ་སངས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཉིན་མོར་གཏན་འཁེལ་བྱས་ཏེ་བདེ་ཐང་གི་ཤེས་བྱ་དང་། ཁྱིམ་ཚང་གི་སློབ་གསོ། བདེ་འཇགས་ཤེས་བྱ་སོགས་ཀྱི་ཆེད་དོན་འཆད་ཁྲིད་བྱེད་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་གཅིག་སྡུད་བྱས་ནས་ཚང་མས་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་འབྲེལ་གཏུག་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པས་ཁྱིམ་མཚེས་འཆམ་མཐུན་དང་ཕན་ཚུན་རོགས་རེས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་ཡོད། དུས་སྟོན་གྱི་འཚམས་འདྲིའི་བྱེད་སྒོ་སྣ་ཚོགས་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་གཉེན་ཉེའི་ཇ་སྟོན་ཚོགས་འདུ་འཚོགས་ནས་གྲོང་ལྷན་གྱི་མི་རིགས་ཁག་གི་མང་ཚོགས་མཉམ་འཛོམས་ཀྱིས་གཉེན་ཉེའི་བརྩེ་དུང་གླེང་བ་དང་གྲོགས་པོ་བསྒྲིགས་ཡོད།

    སྡེ་ཁུལ་ཏང་ཀྲི་པུས་སྣེ་ཁྲིད་དེ་ཆ་སྒྲིག་རོགས་སྐྱོར་གྱི་ལས་དོན་སྤེལ་ནས་གཞིས་སྲུང་རྒན་རྒོན་དང་མི་ཧྲེང་རྒན་རྒོན་སོགས་ཀྱི་ཉམས་ཞན་ཚོགས་སྤྱི་གཙོ་གནད་དུ་བྱས་ཏེ་གྲོང་མི་དུད་ཚང་10ནས་15བར་དབྱེ་ནས་གྲོང་མིའི་རོགས་སྐྱོར་ཚོགས་ཆུང་བཙུགས་པས། སྡེ་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་། སྡེ་ཁུལ་གྱི་གྲོང་མིའི་དབར་ཕན་ཚུན་བསམ་ཤེས་བྱེད་ཚད་ཟབ་ཏུ་ཕྱིན་པ། སྡེ་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་མ་ཐེབས་ཡོད་པ་རེད།

    ཏང་ཡོན་དང་བླངས་རུ་ཁག་དང་ཏང་ཡོན་བྱེད་སྒོ་ཁང་གི་ཞབས་ཞུའི་ལས་སྟེགས་སྤྱད་དེ“ཞབས་ཞུ་གཉིས”ཀྱི་བྱེད་སྒོར་སྐུལ་འདེད་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

    མཐུན་སྒྲིལ་གྱིས་བརྟན་ལྷིང་འགན་ལེན་དང་མཐུན་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ནག་ཆུ་གྲོང་རྡལ་དར་ཆ་ལྷ་མོ་གྲོང་ལྷན་2008ལོར་བཙུགས་པ་ནས་ད་བར། མི་རིགས་དབར་རྩོད་གཞིའི་དོན་རྐྱེན་གཅིག་ཀྱང་ཐོན་མྱོང་མེད་པ་དང་། སྡེ་ཁུལ་གྱི་བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་གོང་འཕེལ་ཕྱིན་ནས་སྡེ་ཁུལ་གྱི་གྲོང་མི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་9000ལྷག་ཙམ་བྱུང་བ་སོགས་རེད།

     

    544727_yis_1535444459952_b.jpg

    འདི་ནི་གསེར་རྙེད་ཆུས་དང་ནག་ཆུ་གྲོང་རྡལ་གྱི་ལས་བྱེད་པ་དང་དར་ཆ་ལྷ་མོ་གྲོང་ལྷན་གྱི་ལས་དོན་མི་སྣ་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་ཉམས་མྱོང་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།

    544726_yis_1535444459157_b.jpg

    འདི་ནི་ནག་ཆུ་གྲོང་ཁྱེར་གྱི་མཚོན་བྱེད་རང་བཞིན་གྱི“གཉིས་གཏོད”རྟེན་གཞི་སྟེ་ནག་ཆུ་གྲུ་དམར་དེད་དཔོན་གྱི་ཀུན་གཏོད་བར་མཐོངས་ཡིན་པ།

    544728_yis_1535444460748_b.jpg

    འདི་ནི་ནག་ཆུ་གྲོང་རྡལ་གྱི་ལྷག་བསམ་ཁེ་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་མངའ་འོག་གི་འབྲོག་ཞོ་ཚོང་ཁང་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།