[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གསོན་ཤུགས་འཕེལ་ལ་རྣམ་པ་གསར་རྐྱང་མངོན་པའི་མཐའ་མཚམས་རི་གྲོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-06

    ད་ཕན་ལོ་ཤས་རིང་། གྲོ་མོ་རྫོང་གིས“དམ་འཛིན་བྱེད་གཞི་གཅིག་མངོན་གསལ་དོད་པོ་དང་། འགག་རྩ་གཉིས་ཁོང་དུ་ཆུད་པ། གཙོ་གནད་གྲོང་རྡལ་གཅིག་སྐྲུན་པ། ས་ཁོངས་ཆེན་པོ་བཞི་འཕེལ་རྒྱས་གཏོང་བ། ཚད་བརྒལ་ཆེན་པོ་ལྔ་མངོན་འགྱུར་བྱེད་པ”བཅས་ཀྱི་སྤྱིའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས་ལས་ཀའི་ལམ་སྲོལ་གསར་གཏོད་དང་། འཆར་འགོད་དོ་དམ་བྱེད་ཤུགས་ཆེར་གཏོང་། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་གཏོང་བཅས་བྱས་ཏེ་རྒྱལ་ལམ་562གཙོ་བོར་བྱེད་པ་དང་། ཤར་གསིང་མ་གྲོང་རྡལ་དང་། སྒང་གསུམ། ཕག་རི་གྲོང་རྡལ་བཅས་འདེགས་སྐྱོར་དུ་བྱེད་པ། ལམ་བརྒྱུད་གྲོང་ཚོ(གྲོང་ལྷན)ཁག་མཚམས་ཚིགས་སུ་བྱེད་པའི་གྲོང་རྡལ་ཅན་གསར་པའི་མ་ལག་རིམ་བཞིན་ཆགས་པ་རེད།

    འཆར་འགོད་ཀྱིས་ཁྲིད་སྟོན་མངོན་གསལ་དོད་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་འཆར་གཞི་བཏིང་བ།

    གྲོ་མོ་རྫོང་གིས《〈གྲོ་མོ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་བསམ་འཆར〉གྱི་གཙོ་གནད་ལས་དོན་ཁག་བགོས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དང《གྲོ་མོ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི》སོགས་ཡིག་ཆ་སྔ་རྗེས་སུ་བཏོན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་བསྐྲུན་རྒྱུ་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་ནང་བཅུག་ནས་རྫོང་ཁོངས་ནང་གི་ཤང་གྲོང་ཁག་གི་འཕེལ་རྒྱས་དམིགས་ཚད་དང་། ཐོན་ལས་འདེགས་སྐྱོར། གྲོང་རྡལ་ཆུང་གྲས་ཀྱི་ངེས་གནས་བཅས་ལ་གཏན་འབེབས་གསལ་པོ་བཟོས་པ་རེད།

    ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་སྐྲུན་པའི་ལས་དོན་ཁྲོད། གྲོ་མོ་རྫོང་གིས་རིགས་དབྱེའི་མཛུབ་ཁྲིད་མཐའ་འཁྱོངས་བྱས་ཏེ་རིམ་པ་བཞིན་སྐུལ་འདེད་བཏང་བ་དང་ཤང་གྲོང་ཁག་དང་སྲིད་འཛིན་གྲོང་ཚོའི་དཔལ་འབྱོར་དང་། ས་བབ། ཁོར་ཡུག་སོགས་ཀྱི་ཚད་གཞི་གཞིར་བཟུང་རིགས་དབྱེ་དང་། ངེས་གནས་འཕྱུགས་མེད། ནུས་པས་ལྕོགས་ཚོད་བཅས་བྱས་ཏེ་མང་ཚོགས་ཀྱིས་རང་མོས་ལྟར་རིམ་པ་བཞིན་སྐུལ་འདེད་བཏང་བ་དང་སྤྱི་འདོམས་ལྟ་རྟོག་གིས་ཁག་གཅིག་འཐུས་སྒོ་ཚང་པོ་བྱུང་ཚེ་ཁག་གཅིག་འཛུགས་སྐྲུན་བྱས་ཡོད། མིག་སྔར་གྲོ་མོ་རྫོང་དུ་རྒྱལ་ལམ་562ལམ་ཐིག་གཙོ་བོར་བྱེད་པ་དང་། གཙོ་གནད་གྲོང་རྡལ་རྐང་འཛིན་དུ་བྱེད་པ། ཤང་དང་གྲོང་ཚོ་མཚམས་ཚིགས་སུ་བྱེད་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གསར་པའི་མ་ལག་རིམ་བཞིན་ཆགས་པ་རེད།

    མངོན་གསལ་དོད་པོས་ལེ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ།

    གྲོང་ཁྱེར་དང་གྲོང་རྡལ་ཅན་བསྐྲུན་རྒྱུར་སྐུལ་འདེད་གཏོང་རིང་གྲོ་མོ་རྫོང་གིས་སྔོན་ལ་རྨང་གཞིའི་སྒྲིག་བཀོད་སྐྲུན་པ་དང་དེ་རྗེས་ལེ་ལག་ཚང་བའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྒྲིག་སྦྱོར་བྱེད་པ་དང་། དེ་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་གོ་རིམ་གཞིར་བཟུང་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་ལེགས་གྲུབ་ཟིན་པའི་རྨང་གཞིའི་ཐོག་གྲོང་ཚོ་དང་གྲོང་རྡལ་གྱི་གཞུང་དོན་སྒྲུབ་ཁང་དང་། སློབ་གྲྭ འཕྲོད་བསྟེན་ཁང་སོགས་སྐྲུན་པ་དང་། གྲོང་མི་འདུས་སྡོད་ཁུལ་དུ་ཞིང་ཞོར་ཚོང་ཟོག་ཁྲོམ་ར་དང་། ཞིང་ཞོར་ཐོན་རྫས་བརྗེ་རེས་བྱ་ཡུལ། ཐོན་ལས་རྟེན་གཞི་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཏེ་མང་ཚོགས་ཀྱི་འཚོ་ བའི་སྤུས་ཚད་སྔར་བས་མཐོ་རུ་བཏང་བ་རེད།

    གྲོང་ཁྱེར་དང་གྲོང་རྡལ་ཅན་བསྐྲུན་པ་བརྒྱུད་གྲོ་མོ་རྫོང་ཞིང་འབྲོག་ཁུལ་གྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་ལམ་ལུགས་གསར་པ་ཡོངས་ཁྱབ་བྱུང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་90%ཡན་ཟིན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཁྱབ་ཚད་100%ཟིན་པ། རྫོང་དེའི་སྲིད་འཛིན་གྲོང་ཚོ(རང་བྱུང་གྲོང་ཚོ)ཡོངས་དང་། དགོན་སྡེ། ལྷ་ཁང་སོགས་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད།

    ཐོན་ལས་སྐུལ་ཁྲིད་མངོན་གསལ་དོད་པོ་བྱས་ཏེ་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བཏང་བ།

    “ད་ཆ་ཕྱུགས་འཚོ་བར་ཡོང་པ་ནི་ལས་ཀར་ཡོང་པ་དང་འདྲ་བར་ཟླ་རེར་གླ་ཆ་སྒོར་3000ལེན་རྒྱུ་ཡོད། གཞན་ཡང་ཁྱིམ་གྱི་ནོར་5མ་རྐང་ནང་ཞུགས་པར་ནོར་རེར་ལོ་ལྟར་ཁེ་སྤོགས་སྒོར་650བགོ་རྒྱུ་ཡོད། ཡོང་འབབ་དེ་དག་ལས་ངའི་ཁྱིམ་ཚང་གི་འཚོ་བ་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུར་རེ་བས་ཁེངས་ཡོད”2017ལོའི་ཟླ་9པ་ནས་བཟུང་གྲོ་མོ་རྫོང་ཕག་རི་གྲོང་རྡལ་གྱི་འབྲོག་པ་པ་སངས་ཚེ་རིང་གིས་གླ་ཆ་ལེན་འགོ་ཚུགས་ནས་ལས་འབོར་ཉུང་ཡང་ཡོང་འབབ་མངོན་གསལ་དོད་པོས་མང་དུ་སོང་ཡོད།

    བོད་ལྗོངས་ཕག་རི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཞིང་འབྲོག་པའི་ཕྱུགས་ཟོག་ལ་གོང་ཚད་རྒྱག་པའི་མ་འཇོག་བྱེད་ཐབས་བརྒྱུད། རྫོང་དེ་ཡོངས་ཀྱི་ཞིང་འབྲོག་དུད་ཚང་648སྐུལ་ཁྲིད་བྱས་ཏེ་ལོའི་ཡོང་འབབ་སྒོར་ཁྲི་562བྱུང་བ་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་176གི་མི་650ཡོད་པར་མིག་སྔར་ཀུང་སི་དེས་ཞིང་འབྲོག་པར་ལས་ཞུགས་ལས་གནས་158མཁོ་འདོན་བྱས་པ་དང་མི་རེར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་ཁྲི་3.6འཕར་རྒྱུ་རེད།

    མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་སྐྲུན་པའི་ལས་དོན་ཁྲོད་གྲོ་མོ་རྫོང་གིས་རྫོང་དེའི་དོན་དངོས་ལ་གཞི་ཚུགས་ནས་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པ་བརྒྱུད་བྱེད་ཐབས་སྣ་མང་མཉམ་འདོན་དང་། ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱེད་པ། ངེས་གནས་འཕྱུགས་མེད་བཅས་བྱས་ཏེ་ཞིང་ལས་ལ་འཚམ་པར་ཞིང་ལས་དང་ཚོང་ལས་ལ་འཚམ་པར་ཚོང་ལས་བྱེད་པའི་རྩ་དོན་གཞིར་བཟུང་ཕག་རི་གྲོང་རྡལ་དང་། ཤར་གསིང་མ་གྲོང་རྡལ། གྲོ་མོ་སྟོད་ཤང་སོགས་སུ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཐོན་ལས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་བསྐྲུན་རྒྱུར་འདེགས་སྐྱོར་བྱས་ནས་མང་ཚོགས་ལ་ཕྱུག་འགྱུར་བ་ཐབས་ལམ་ཡོད་པ་བྱས་ཐོག་མི་ཚང་མས་གྲོང་ཁྱེར་དང་གྲོང་རྡལ་ཅན་བསྐྲུན་པའི་གྲུབ་འབྲས་མཉམ་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།