[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།   རང་སྐྱོང་ལྗོངས་དྲ་འབྲེལ་ཆ་འཕྲིན་གཞུང་ལས་ཁང་།    |    རྩོམ་པ་པོ།   ཚེ་རིང་བཟང་མོ།    |    སྤེལ་དུས།   2018-03-06

    སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་རྒྱུན་མཐུད་འཛུགས་སྐྱོང་ཟམ་མི་ཆད་པར་བྱེད་པ་དང་འཚོ་བའི་ཆུ་ཚད་ལོ་རེ་བཞིན་གོང་མཐོར་འགྲོ་བ་དང་བསྟུན་ནས།ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་དེ་བས་སྐོམ་པ་ཆུ་འདོད་ལྟར་གྱུར་ལ་ཡ་རབས་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཀྱི་འདུན་པ་སྔར་བས་ཤུགས་ཆེ་རུ་འགྲོ་བཞིན་མཆིས།  ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱི་གོང་རིམ་འབྲེལ་ཡོད་ཚན་པ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་མཐོང་ཆེན་དང་མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་དེའི་ཐད་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ངེས་ཅན་ཐོབ་མོད། འོན་ཀྱང་ས་ཆ་ཁག་གཅིག་ཏུ་རིག་གནས་དཔུང་ཁག་གི་སྟོབས་ཤུགས་ཞན་པ་དང་།  ཤེས་ལྡན་མི་སྣ་མི་འདང་བ། རིག་གནས་བྱེད་སྒོ་སྤེལ་ཚད་ཉུང་བ་སོགས་ཀྱིས་མི་རྣམས་ཀྱི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་དེ་ཙམ་སྐོང་ཐུབ་ཀྱི་མེད།

    དེར་བརྟེན།  ཡུལ་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དོ་དམ་ཚད་ལྡན་དང།  དཔུང་ཁག་གསོ་སྦྱོང་།   མ་དངུལ་རྒྱབ་སྐྱོར།  སྒྱུ་རྩལ་རོགས་ཁྲིད་སོགས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དང་འཛུགས་སྐྱོང་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་སྣང་།དེ་ཡང་།

    གཅིག་ནས། རིག་གནས་ཚན་པས་མུ་མཐུད་རིག་གནས་གཤམ་སྐྱོད་བྱེད་སྒོ་སྤེལ་བ་དང་མཉམ་དུ་ཞིང་འབྲོག་ཁུལ་གྱི་རང་ངོས་ཀྱི་དགེ་མཚན་ལྡན་པའི་ཐོན་ཁུངས་ལ་བརྟེན་ནས་ཕུལ་བྱུང་གི་དམངས་ཁྲོད་དམངས་སྲོལ་རིག་གནས་ཧུར་ཐག་འདོན་སྤེལ་དང་།ཞིང་འབྲོག་པའི་རིག་རྩལ་རྐང་འཛིན་པ་གསོ་སྦྱོང་བྱེད་དགོས་པ་དང་དུས་མཚུངས་རྒྱུན་དུ་ཆེད་ལས་མཁས་ཅན་གཞི་རིམ་དུ་མངགས་ཏེ་གྲོང་གསེབ་ཀྱི་རིག་གནས་རྐང་འཛིན་པ་གསོ་སྦྱོང་བྱེད་དགོས་པ་དང་ཤང་དང་གྲོང་ཚོའི་ཞིང་འབྲོག་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་སྐྱོང་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་ཚོའི་དགོས་མཁོ་མི་འདྲ་བ་དང་དགེ་མཚན་ལ་གཞིགས་ཏེ་བསླས་འཐག་དང་། ཡིག་གཟུགས།  རི་མོ་སོགས་ཤེས་བྱའི་ཆེད་དོན་འཆད་ཁྲིད་བྱེད་སྒོ་སྤེལ་ཏེ་འཁྲབ་སྟོན་གྱི་མོས་པ་ཡོད་མཁན་གྱི་ཞིང་འབྲོག་མང་ཚོགས་རྣམས་འཁྲབ་སྟོན་བྱེད་སྒོའི་ནང་ཞུགས་ཆོག་པ་དང་དེ་མིན་རྣམས་དཔེ་ཀློག་དང་རི་མོ་འབྲི་བ་སོགས་ལས་སྤྲོ་བ་ཐོབ་ཐབས་བྱེད་དགོས།

    གཉིས་ནས།  ཞིང་འབྲོག་ཁུལ་དུ་ཡོད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁ་ཤས་འདོན་སྤེལ་དང་རྒྱུན་འཛིན་ཐད་ལ་ཤུགས་བརྒྱབ་སྟེ་གྲོང་གསེབ་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་ཐོན་ལས་རྣམ་གྲངས་སུ་གྱུར་པ་བྱེད་དགོས།  དེས་གཅིག་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞོར་འཚོ་བ་འཁྲུག་ཏུ་འགྲོ་བ་དང་གཉིས་ནས་ཞིང་འབྲོག་མང་ཚོགས་རྣམས་ཀྱི་ཡོང་འབབ་འཕར་སྣོན་ཡོང་ཐུབ།  དེ་དང་དུས་མཚུངས་ཞིང་དལ་དུས་ཚོད་དང་སྲོལ་རྒྱུན་དམངས་སྲོལ་དུས་ཆེན་གང་ལེགས་བེད་སྤྱད་དེ་འཆར་གཞི་ལྡན་པའི་སྒོ་ནས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྤེལ་དང་སྲོལ་རྒྱུན་དམངས་སྲོལ་འགྲེམས་སྟོན་གྱི་བྱེད་སྒོ་སྒྲིག་འཛུགས་བྱེད་པ་དང་ཆ་རྐྱེན་ལྡན་པའི་ས་ཁུལ་གྱིས་ད་དུང་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་བཀྲ་ཤིས་འཆམ་མཐུན་གྱི་ཕུལ་བྱུང་དམངས་ཁྲོད་རིག་རྩལ་ལེ་ཚན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་བདེ་སྐྱིད་ཀྱི་འཛུམ་མདངས་ཁྲོད་དགའ་སྤྲོ་དང་།  འཆམ་མཐུན། བདེ་ཐང་།  དྲོ་སྐྱིད་ལྡན་པ་བཅས་ཀྱི་འཚོ་བར་རོལ་ཐུབ་པ་བྱེད་དགོས།

    མདོར་ན།  ང་ཚོ་གོང་འོག་ཚང་མས་ཞིང་འབྲོག་ཁུལ་གྱི་རིག་གནས་འཛུགས་སྐྱོང་ལ་སྔར་བས་སྣང་ཆེན་དང་ཕྱོགས་གང་ཅིའི་ཐད་ནས་ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བར་ཐུགས་འཁུར་དང་རྒྱབ་སྐྱོར་བྱས་ཚེ་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་ཤེས་དཔལ་ཡར་ཐོན་དང་ཞི་མཐུན་འཕེལ་རྒྱས་ཀྱི་རིག་གནས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།