[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལུང་ཁུག་ནས་གནས་སྤོས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ།

    ལྗོངས་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-25

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་སྤེལ་འགོ་བཙུགས་ཚུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་འབྲེལ་ཡོད་པུའུ་ཨུད་ཁག་གི་ཤུགས་ཆེའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དང“ཁག་གཅིག་རེ་ལྔ”དང“གནད་སྨིན་དྲུག”“གནད་འཁེལ་བརྒྱད”བཅས་ཀྱི་ལས་ཀའི་བླང་བྱ་ནན་པོ་གཞིར་བཟུང་། སེམས་ནུས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་ནས་རང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་འབྲེལ་ཕན་འབྲས་ཀྱང་ངེས་ཅན་ཞིག་ཐོན་ཡོད་པ་རེད།

    འཆར་འགོད་ནི་འགག་རྩ་ཡིན།

    རྒྱལ་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འཆར་འགོད་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཐོན་ཁུངས་བསྡུ་སྒྲིལ་དང་མཐུན་སྦྱོར་སྐུལ་འདེད་བཏང་ནས།《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འཆར་འགོད》བཟོས་པ་དང་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྤྱིའི་གཞི་ཁྱོན་མི་ཁྲི་2.5(དེའི་ཁྲོད་2016ལོར་གནས་སྤོ་བྱས་པའི་མི་ཁྲི་1.75དང་2017ལོར་གནས་སྤོ་བྱས་པའི་མི་ཁྲི་0.75)ཡིན་པ་གཏན་འཁེལ་བྱས་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འཆར་འགོད་ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་24.43བཏང་བ། འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་གནས་སྤོ་བྱ་ཡུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུར་དམིགས་ནས། སྡོད་ཁང་དང་དགོས་ངེས་ཀྱི་ཞོར་གཏོགས་སྒྲིག་ཆས་བསྐྲུན་པ་དང་། ཆུ་གློག་ལམ་གསུམ་དང་འཕྲིན་གཏོང(དྲ་བ)སོགས་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་དང་དེ་བཞིན་སློབ་གསོ་དང་། འཕྲོད་བསྟེན། རིག་གནས་སོགས་ཀྱི་སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་ཆས་བསྐྲུན་པ་རེད། མིག་སྔའི་བར་རྒྱལ་ཁབ་ཀྱིས་ཞིབ་བཅད་བྱས་པའི་རང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་2.5ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་འགན་ཡོངས་སུ་བསྒྲུབས་ཤིང་། སྨི་ངོས་གྲུ་ཁྲི་70.3ཟིན་པའི་གནས་སྤོས་བཀོད་སྒྲིག་སྡོད་ཁང་6500གསར་སྐྲུན་བྱས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་2.5ཚང་མ་གནས་སྤོས་གཞིས་ཆགས་བྱུང་བ་རེད།

    མ་དངུལ་ནི་འགན་ལེན་ཡིན།

    ལྗོངས་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་བདེ་བླག་ངང་ལག་ལེན་བསྟར་ནས། གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་བཏང་སྟེ་མང་ཚོགས་གཞིས་ཆགས་ཐུབ་པ་དང་འཚོ་བར་སྟབས་བདེ་བསྐྲུན་ཆེད། 《དབུལ་པོའི་རྫོང་གིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་དང་སྤྱོད་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》དང《ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་དང་སྤྱོད་རྒྱུའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ལག་བསྟར་བསམ་འཆར》སོགས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱིས་ཆེད་དོན་དབུལ་སྐྱོར་མ་དངུལ་སྣ་ཚོགས་དང་། འབྲེལ་ཡོད་ཞིང་འབྲེལ་མ་དངུལ། བོད་སྐྱོར་མ་དངུལ། སྤྱི་ཚོགས་རོགས་སྐྱོར་མ་དངུལ་བཅས་བསྡུ་སྒྲིལ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་བཅས་དང་འབྲེལ་བ་བྱས་ནས་རྒྱལ་ཁབ་ཀྱི་མ་དངུལ་དོན་འཁྱོལ་ཧུར་ཐག ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ཡུན་རིང་སྲིད་ཇུས་རང་བཞིན་གྱི་སྐྱེད་ཀ་དམའ་བའི་དངུལ་བུན་དོན་འཁྱོལ་བྱས་པ་བཅས་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་འབྲེལ་ཡོད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་14.9སྤྲད་པ་དེའི་ནང་ཀྲུང་དབྱང་གི་སྔོན་རྩིས་ནས་སྒོར་དུང་ཕྱུར་2.5བཏང་བ་དང་། ས་གནས་སྲིད་གཞུང་གིས་བུན་འཛིན་སྒོར་དུང་ཕྱུར་2.4བཏང་བ། ཆེད་དོན་འཛུགས་སྐྲུན་ཐེབས་རྩས་སྒོར་དུང་ཕྱུར་1.25བཏང་བ། ཡུན་རིང་གི་སྲིད་ཇུས་རང་བཞིན་གྱི་དངུལ་བུན་ནས་སྒོར་དུང་ཕྱུར་8.75(མི་རེར་ཆ་སྙོམས་སྒོར་ཁྲི་3.5)བཏང་བ་བཅས་རེད།

    བརྩི་འཇོག་ནི་རྨང་གཞི་ཡིན།

    ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་གྱིས་གོང་རིམ་ནས་འོག་རིམ་བར་དམངས་ཀྱི་འདུན་པར་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ས་ཆུའི་ཐོན་ཁུངས་ཀྱི་གནས་ཚུལ་དང་། ཁོར་ཡུག་གི་ཐེག་ནུས། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་བཅས་གཞིར་བཟུང་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཁོངས་བཀོད་སྒྲིག་དང་། ལུགས་མཐུན་ངང་གནས་སྤོས་གཙོ་གནད་དང་གཞི་ཁྱོན་གཏན་འཁེལ། ཡུལ་བབ་དང་བསྟུན་ནས་གནས་སྤོས་བཀོད་སྒྲིག་བྱེད་སྟངས་གཏན་འཁེལ་བཅས་བྱས་རྗེས་གྲོང་མིས་རང་མོས་ངང་རེ་ཞུ་དང་། འོས་བབ་ཞིབ་བཤེར། གྲོང་ཚོ་རིམ་པའི་སྤྱི་བསྒྲགས། གྲོང་མིས་བརྡས་ཐག་གཅོད་པ་བཅས་ཀྱི་གོ་རིམ་བརྒྱུད་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མི་སྣ་གཏན་འཁེལ་བྱེད་ཀྱི་ཡོད་པ་རེད།

    ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་རྫོང་གྲོང་གི་ད་ཡོད་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་བེད་སྤྱོད་གང་ལེགས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་འདོད་མོས་ལ་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཤང་དང་གྲོང་རྡལ་བརྒལ་ནས་རྫོང་གྲོང་ཉེ་འཁོར་དུ་གཅིག་སྡུད་བཀོད་སྒྲིག་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གིས་མང་ཚོགས་ཀྱི་འདོད་མོས་ལ་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཏན་འབེབས་ཚད་གཞིའི་ཁྱབ་ཁོངས་ནང་གི་ཚད་ཡོད་ཀྱི་མ་དངུལ་མཁོ་ཆེ་སར་སྤྱད་ནས་གནས་སྤོས་དུད་ཚང་གི་ཁོངས་མིའི་གྲུབ་ཆར་གཞིགས་ནས་ཁང་དབྱིབས་རིགས་4འཆར་འགོད་བྱས་ནས་དུད་ཚང་དབུལ་པོར་གདམ་ག་བྱེད་དུ་བཅུག་པ་རེད།

    མངའ་རིས་ས་ཁུལ་གྱིས་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་དཔེ་གསར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་བསམ་འཆར་ལ་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་མཚོ་ཆེན་རྫོང་དང་། སྒེར་རྩེ་རྫོང་། དགེ་རྒྱས་རྫོང་བཅས་ཀྱི་མཐའ་མཚམས་མིན་པའི་རྫོང་དུ་གཞིས་ཆགས་པའི་དུད་ཚང་དབུལ་པོ་500ཡི་མི་2061མངའ་རིས་ས་ཁུལ་གྱི་སེང་གེ་ཁ་འབབ་གྲོང་རྡལ་དུ་གནས་སྤོས་བྱས་ནས་གྲོང་རྡལ་དེའི་མང་ཚོགས་དང་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་མཉམ་སྤྱོད་ཐུབ་པ་བྱས་པས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད་པ་རེད།

    ཐོན་ལས་ནི་རྩ་བ་ཡིན།

    ལྷ་ས་གྲོང་ཁྱེར་གྱིས“ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་གཙོ་གནད་འབུར་དུ་ཐོན་པའི”རྩ་དོན་མཐའ་འཁྱོངས་བྱས་ནས་གནས་སྤོས་བཀོད་སྒྲིག་ས་ཚིགས་ཀྱི་ཐོན་ལས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་གནས་སྤོས་བཀོད་སྒྲིག་ས་ཚིགས་ཚང་མར་ལེ་ལག་ཚང་བའི་ཐོན་ལས་དང་གནས་སྤོས་དུད་ཚང་རེའི་མི་གཅིག་ཡན་ཐོན་ལས་འཕེལ་རྒྱས་ནང་ལས་ཞུགས་ཐུབ་རྒྱུར་འགན་ལེན་བྱས་པ་དང་གནས་སྤོས་མང་ཚོགས་དབུལ་པོ་ཐོན་སྐྱེད་དང་འཕེལ་རྒྱས་ལ་ཞུགས་རྒྱུར་སྐུལ་ཁྲིད་དང་རོགས་རམ་བྱས་པས་2016ལོའི་བཀོད་སྒྲིག་ས་ཚིགས་19རུ་ལེ་ལག་ཚང་བའི་ཐོན་ལས་ཡོངས་སུ་ཁྱབ་ནས་གནས་སྤོས་མང་ཚོགས་ཚང་མའི་འཚོ་བར་འགན་ལེན་བྱུང་ཡོད། དེའི་ནང་ཆུ་ཤུར་རྫོང་གིས“རྣམ་གྲངས་ཀྱིས་འདེགས་སྐྱོར་དང་། ནོར་སྲིད་ཀྱིས་མ་འཇོག ཁེ་ལས་ཞུགས་པ། མང་ཚོགས་མ་རྐང་ལ་ཞུགས་པ”བཅས་ཀྱི་བྱེད་ཐབས་གཞིར་བཟུང་རྟ་དཀར་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་མ་དངུལ་སྒོར་ཁྲི་2000ཙམ་བཏང་ནས་ཐོན་ལས་གླིང་འཆར་འགོད་བྱས་ཏེ། རྟ་དཀར་ཤིན་ཆང་བཞོན་མ་གསོ་ཚགས་དང་། རྟ་དཀར་ལྷད་མེད་བོད་བྱ་གསོ་ཚགས། འདེབས་འཛུགས་གླིང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཅས་བཙུགས་ནས་གནས་སྤོས་མང་ཚོགས་རྣམ་གྲངས་ལ་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ཚོགས་ཀྱི་རོགས་སྐྱོར་རག་གང་ཐུབ་བྱས་པ་དང་། ཨར་སྐྲུན་ཁེ་ལས་ཀྱིས་ཁེ་བཟང་གཅིག་ཀྱང་མེད་རུང་རང་འགུལ་ངང་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པའམ་ཡང་ན་མང་ཚོགས་དབུལ་པོར་རིན་མེད་ངང་ལག་རྩལ་མཛུབ་ཁྲིད་བྱས་པ་དང་། མཐོ་བརྩོན་ཨར་འདམ་བཟོ་གྲྭ་དང་ཧྭ་ནུས་ཧྭ་གློག་ཀུང་སི་སོགས་ཁེ་ལས་ཀྱིས་དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་པ་དང་། ད་དུང་ཁེ་ལས་ཁག་གཅིག་གིས་བཀོད་སྒྲིག་བྱ་ཡུལ་འགའ་ཤས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་ཀ་འགན་གཙང་བླངས་ཏེ་བཀོད་སྒྲིག་བྱ་ཡུལ་ལམ་རྒྱུད་ཀྱི་ཚོང་ཁང་བཟོ་བཅོས་བརྒྱབ་ནས་གནས་སྤོས་མང་ཚོགས་ཀྱི་རྗེས་མཐུད་འཕེལ་རྒྱས་ལ་ཐོན་ལས་ཀྱི་འདེགས་སྐྱོར་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་རྫོང་དམངས་སྲིད་ཅུས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ལོ་གསུམ་གྱི་བཟའ་འབྲུ་བརྩོན་ལེན་བྱས་པ་དང་། རྫོང་སྤྱི་བདེ་ཅུས་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་གནས་སྤོས་དུད་ཚང་ལ་ཐེམ་ཐོ་བསྒྱུར་རོགས་དང་། རྫོང་ཞིང་འབྲོག་ཅུས་དང་མཐུན་སྦྱོར་བྱས་ནས་གནས་སྤོས་དུད་ཚང་ལ་ཞིང་ཁ་རྨོ་རོགས། ཡུལ་དེའི་སློབ་ཆུང་དང་མཐུན་སྦྱོར་བྱས་ནས་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་བཅུག་པ་བཅས་བྱས་ནས། གནས་སྤོས་དུད་ཚང་ལ་ཡུལ་དེའི་གྲོང་མི་དང་ཐོབ་ཐང་འདྲ་མཉམ་ཡོང་བ་བྱས་པ་མ་ཟད། ཞིང་འཕྲུལ་ཉོ་སྒྲུབ་རྣམ་གྲངས་དང་ཕྱུགས་རིགས་གསོ་ཚགས་རྣམ་གྲངས་སོགས་ལག་ལེན་བསྟར་བ་དང་། གནས་སྤོས་དུད་ཚང་ལ་ཚན་རྩལ་གསོ་སྦྱོང་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གནས་སྤོས་ཀྱིས་རྐྱེན་པས་སེམས་མི་བདེ་བའི་སྣང་ཚུལ་མི་ཐོན་པ་བྱས་ནས། གྲོང་ཚོ་ཡོངས་ཀྱི་ཕྱུག་འགྱུར་ཧུར་སེམས་ཆེ་རུ་འགྲོ་བར་སྐུལ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།