[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • མཛེས་སྡུག་ལྡན་པའི་ཁྱིམ་གཞིས།

    “རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་དཔེ་སྟོན་གྲོང་ཚོ”སྡིངས་ཁ་གྲོང་ཚོར་བསྐྱོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-14

    མཛེས་སྡུག་ལྡན་པའི་གྲོང་གསེབ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོའི་རྨང་རྡོ་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་མགྱོགས་པོ་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་དགོས་ཞེས་བཏོན་ཡོད། ཉེ་ལམ་ལོ་ཤས་རིང་སྡིངས་ཁ་གྲོང་ཚོས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་དམིགས་ནས“ཡུལ་བབ་དང་བསྟུན་པ་དང་། སྤྱི་འདོམས་འཆར་འགོད། གཙོ་གནད་ཚད་བརྒལ། གྲོང་ཚོ་ཧྲིལ་པོར་སྐུལ་འདེད། དཔེ་སྟོན་སྣེ་ཁྲིད”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་ཡོངས་ནས་གཙང་བཟོ་དང་། སྔོ་འགྱུར། མཛེས་བཟོ་བཅས་བྱེད་པ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མུ་མཐུད་ལེཌ་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱ་ཆེའི་གྲོང་གསེབ་ཀྱི་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱས་པས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་མངོན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་ཤང་སྡིངས་ཁ་གྲོང་ཚོར་སྐྱོད་སྐབས། དེ་སྔའི“བཙོག་ཟིང་ཞན་གསུམ”གྱི་རྣམ་པ་མཐོང་རྒྱུ་མེད་པར་གྲོང་ཚོའི་གང་ས་ནས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པའི་རྣམ་པ་ཞིག་ཅིག་ཅར་དུ་མངོན།

    “ད་ལྟ་ང་ཚོ་སྡོད་ས་ནི་ཁྱད་ཆོས་མངོན་གསལ་དོད་པ་དང་། རྒྱ་ཆེ་ལ་སྐྱིད་སྣང་དོད་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་རེད། སྒོ་རྩར་ཨར་འདམ་གཞུང་ལམ་བཏིངས་ཡོད་ལ་ཆུ་ཀ་ལ་གཙང་མ་འཐུང་རྒྱུ་ཡོད། དེ་སྔ་གང་བྱུང་དུ་གད་སྙིགས་དབྱུགས་པའི་སྣང་ཚུལ་མཐོང་རྒྱུ་མེད། གང་བྱུང་དུ་རྒྱུག་པའི་འཚོ་བའི་བཙོག་ཆུ་ཆུ་འབུད་ཡུར་བུར་རྒྱུག་གི་ཡོད”ཅེས་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་དེས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་གང་འདྲ་བྱུང་ཡོད་མིན་ཐད་མི་རབས་ནས་མི་རབས་བར་དེ་ཁུལ་དུ་གནས་སྡོད་བྱེད་མཁན་གྲོང་མི་པད་མ་ཚེ་རིང་གིས་མྱོང་ཚོར་ཟབ་མོའི་ངང་བརྗོད།

    “དེ་སྔ་ང་ཚོའི་གྲོང་ཚོའི་རྣམ་པ་འདི་འདྲ་མ་རེད། གྲོང་ཚོའི་རྣམ་པ་ཡག་པོ་མེད་ལ་གད་སྙིགས་སྣ་ཚོགས་གང་སར་དབྱུགས་པ་མཐོང་རྒྱུ་ཡོད”ཅེས་པད་མ་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས“ལོ་འདི་དག་རིང་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གྱིས་བཅོས་སྒྲིག་ཤུགས་ཆེན་བྱས་པ་བརྒྱུད་གྲོང་ཚོའི་རྣམ་པ་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད”ཅེས་བརྗོད།

    མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་མདུན་ཕྱོགས་ཀྱི་འཐབ་ས་ཡིན་ལ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཤུགས་ཆེའི་རྒྱབ་ཕྱོགས་ཤིག་ཀྱང་ཡིན་ཞིང་། ཏང་གི་ཚོཌ་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ནས་རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས་ཞེས་བཏོན་ཡོད། ཉེ་ལམ་ལོ་ཤས་རིང་སྡིངས་ཁ་གྲོང་ཚོས་ས་གནས་དེའི་ཁྱད་ཆོས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ལམ་བུ་འཚོལ་ཞིབ་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་མཐའ་འཁྱོངས་བྱ་རྒྱུ་དེ་མི་དང་རང་བྱུང་ཞི་མཐུན་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་ནང་དོན་གལ་ཆེན་ཞིག་ལ་བརྩི་བ་དང་། གསར་གཏོད་ལྡན་པའི་ངང་སྦགས་བཙོག་གཙང་བཟོ་དང་སྔོ་འགྱུར་བྱ་སྤྱོད་སྤེལ་ཏེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཕྱོཌ་བསྡུས་བཅོས་སྒྲིག་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད། དེ་དང་ཆབས་ཅིག་མང་ཚོཌ་ལ་དྲིལ་བསྒྲཌ་དང་། སྣེ་ཁྲིད། སྒྲིག་འཛུཌ། སྐུལ་སློང་བཅས་ལ་མཐོང་ཆེན་བྱས་ཏེ་གྲོང་མི་ཚང་མ་ཞུགས་ཐུབ་པའི་འགན་ལེན་བྱས་པ་རེད།

    གྲང་ངར་ཆེ་བའི་དགུན་དུས་སུ་པད་མ་ཚེ་རིང་གི་ཐོག་སོ་གཉིས་པའི་ཉི་གཡབ་ཏུ་ལངས་ནས་སྡོད་སྐབས་དགུན་དུས་ཀྱི་གྲང་ངར་དང་བསྟུན་ནས་ཁ་རླུང་གཙང་མ་ཞིག་རྔུབ་ཐུབ་པ་དང་། གྲོང་ཚོའི་ཕྱོགས་སུ་རྒྱང་ལྟ་བྱེད་སྐབས་གཙང་སྦྲ་དོད་པའི་ཨར་འདམ་གཞུང་ལམ་རིང་པོ་ཞིག་མིག་ལམ་དུ་མངོན། ད་དུང་རླུང་ནུས་དང་ཉི་ནུས་གློག་སྒྲོན་མང་དག་ཅིག་གྲལ་སྒྲིག་པོས་བསྒར་བ་མཐོང་རྒྱུ་འདུག

    “ཁྱེད་ཀྱིས་གཟིགས་དང་། ལམ་ཕ་གི་ཤང་དུ་སྐྱོད་སའི་ལམ་རེད། དེ་རིང་པོ་མི་འདུག་མི་སྙམ། དེ་ནི་ང་ཚོའི་གྲོང་ཚོ་ནས་ཕྱིར་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན་པས་གོ་ཧ་ཅང་ཆོད་པོ་ཡོད”ཅེས་པད་མ་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས་དེ་སྔ་ལམ་ཡག་པོ་མེད་པའི་དུས་སུ་གྲོང་ཁྱེར་དུ་ཐེངས་གཅིག་སྐྱོད་པར་ལས་སླ་པོ་མེད་ལ་རྒན་རྒོན་ནད་ལྟ་བ་དང་ཕྲུ་གུ་སློབ་གྲྭར་སྐྱོད་སྐབས་ཀྱང་སྟབས་བདེ་མེད། ད་ཆ་འགྲོ་ལམ་ཤར་གཏོང་ཐུབ་ཡོད་ལ་ནུས་རྒྱུ་གསར་པའི་རླངས་འཁོར་གྲོང་ཚོའི་བར་ཤར་གཏོང་ཐུབ་ཡོད་པས་གྲོང་ཁྱེར་དུ་སྐྱོད་པར་ཧ་ཅང་སྟབས་བདེ་པོ་འདུག ལོག་ཡོང་སྐབས་བདལ་གླ་སྒོར་4ཡོད་ན་འགྲིག་གི་ཡོད། ང་ཚོར་ཨར་འདམ་གཞུང་ལམ་ཡག་པོ་འདི་འདྲ་བསྐྲུན་པས་དངོས་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་པད་མ་ཚེ་རིང་གིས་རྗོད་བཞིན་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་འདུག

    སྡིངས་ཁ་གྲོང་ཚོར་མངགས་པའི་ལས་བྱེད་པ་ཧྲེ་ལི་ལིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་ཆེད་ཉེ་ལམ་ལོ་ཤས་རིང་སྡིངས་ཁ་གྲོང་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས་ཡོད། གྲོང་ཚོ་རིམ་པའི་འགྲོ་ལམ་ཤར་གཏོང་ཐུབ་པ་དང་དུས་མཚུངས། སྡིངས་ཁ་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་ཆུ་མདོང་གཙོ་བོ་དང་། ཉིང་ལག་ཆུ་མདོང་ལ་ནུས་རྒྱུ་གསར་པའི་ཆུ་མདོང་ཆ་ཚང་བརྗེས་པ་དང་། ཞིང་ཆུ་འདྲེན་པའི་ཡུར་བུ་བཟོ་བཅོས་བརྒྱབ་ནས་རྒྱུན་གཏན་གྱི་ཞིང་ཆུ་འདྲེན་རྒྱུ་དང་མི་ཕྱུགས་ཀྱི་འཐུང་ཆུའི་དགོས་མཁོ་བསྐངས་པ། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་ནས་ལམ་རྒྱུད་གྲོང་ཚོའི་འགྲོ་ལམ་ལ་རླུང་ནུས་དང་ཉི་ནུས་ཀྱི་གློག་སྒྲོན་བསྒར་བས་གྲོང་མི་རྣམས་ཀྱི་མཚན་མོའི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    ད་ཆ“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིའང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་སྡིངས་ཁ་གྲོང་ཚོའི་མི་སེར་གྱི་སེམས་ལ་བརྟན་པོར་ཟུག་ཡོད་ལ། རྒྱུན་གཏན་གྱི་འཚོ་བའི་ནང་སྣོད་བཅུད་སྲུང་སྐྱོང་མི་རྣམས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། “ན་ནིང་ང་ཚོའི་གྲོང་ཚོ་2017ལོའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་གཏོང་གི་དཔེ་སྟོན་གྲོང་ཚོར་བདམས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་བཏོན་ཡོད་པས་ང་ཚོའི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་སོང་། གོམ་སྟབས་རྗེས་མར་ང་ཚོས་ནུས་ཤུགས་ཡོད་རྒུས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་ནས་གྲོང་མི་ཚོར་ཡོང་འབབ་དེ་བས་མང་བ་དང་ཕྱུག་འགྱུར་གྱི་ལམ་བུ་དེ་བས་རྒྱ་ཆེར་བཏང་སྟེ་གྲོང་མི་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བར་བྱ་རྒྱུ་ཡིན”ཞེས་སྡིངས་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་གྱིས་བརྗོད་པ་དང་། འབྱུང་འགྱུར་གྱི་འཕེལ་རྒྱས་ཐད་ཁོང་གིས་རེ་བ་ཆེན་པོ་བྱེད་བཞིན་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།