[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཞིང་འབྲོག་ཤེས་བྱ།
  • གན་རྒྱ་འཇོག་དུས་རྩ་དོན་གང་དག་ལ་བརྩི་སྲུང་ཞུ་དགོས་སམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-01

    ༡འདྲ་མཉམ་གྱི་རྩ་དོན།

    འདྲ་མཉམ་གྱི་རྩ་དོན་ཞེས་པ་ནི། བཅའ་ཁྲིམས་ཐོག་གན་རྒྱའི་དོ་བདག་གཉིས་པོ་ནི་འདྲ་མཉམ་གྱི་གྲུབ་ཆ་གཙོ་བོ་ཡིན་པ་ལས། མཐོ་དམན་དང་ཁོངས་གཏོགས་ཀྱི་ཁྱད་པར་མེད་ལ། བཀའ་རྒྱ་གཏོང་མཁན་དང་བཀའ་རྒྱ་ཉན་མཁན་ནམ། དོ་དམ་པ་དང་དོ་དམ་བྱེད་ཡུལ་གྱི་ཁྱད་པར་དེ་བས་མེད། དེས་ན་གན་རྒྱ་འཇོག་མཁན་གྱི་དོ་བདག་ཕན་ཚུན་བར་གྱི་གནས་བབ་ནི་འདྲ་མཉམ་ཡིན་པ་མཚོན་ཡོད་པས། ཕྱོགས་གཉིས་ཀས་ངེས་པར་དུ་གན་རྒྱའི་དོན་ཚན་ལ་གྲོས་མོལ་གང་ལེགས་བྱས་ནས། གྲོས་དོན་གཅིག་མཐུན་བྱུང་ན་གཞི་ནས་གན་རྒྱ་བཞག་ཆོག

    ༢ རང་མོས་ཀྱི་རྩ་དོན།

    རང་མོས་ཀྱི་རྩ་དོན་ནི། གན་རྒྱའི་དོ་བདག་གམ་ཁྲོམ་རའི་གྲུབ་ཆ་གཙོ་བོས་རང་བདག་རང་མོས་ཀྱི་ཐོག་ནས་ཉོ་ཚོང་བྱེད་སྒོ་སྤེལ་ཆོག་པ་མཚོན་གྱི་ཡོད་དེ། དོ་བདག་གིས་རང་ཉིད་ཀྱི་ཤེས་བྱ་དང་། ངོས་འཛིན། བརྡར་གཅོད། དེ་བཞིན་འབྲེལ་ཡོད་ཁོར་ཡུག་སོགས་ལ་བརྟེན་ནས་རང་ཉིད་ལ་མཁོ་བའི་གན་རྒྱ་རང་བདག་གིས་གདམ་གསེས་བྱས་ནས། རང་ཉིད་ཀྱི་ཁེ་ཕན་ཆེ་ཤོས་བརྩོན་ལེན་བྱེད་དགོས། མདོར་ན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལས་མ་འགལ་ན། གན་འཇོག་དང་ལག་བསྟར། ཕྱིར་འཐེན་སོགས་དོ་བདག་རང་ཉིད་ཀྱིས་རང་འདོད་ལྟར་ཐག་གཅོད་བྱས་ན་འགྲིག

    ༣ དྲང་གཞག་གི་རྩ་དོན།

    དྲང་གཞག་གི་རྩ་དོན་ནི། དོ་བདག་ཕན་ཚུན་དབར་གྱི་དབང་ཆ་དང་འོས་འགན་དྲང་གཞག་ལུགས་མཐུན་དགོས་པ་མ་ཟད། སྤྱིའི་ཆ་ནས་བཏང་སྙོམས་ཡིན་དགོས་པའི་བླང་བྱར་ཟེར་ཞིང་། གན་རྒྱའི་ཐོག་གི་འགན་འཁྲི་དང་ཉེན་ཁ་ལུགས་མཐུན་ངང་བགོ་བཤའ་རྒྱག་དགོས་པ་ནི་དྲང་གཞག་རྩ་དོན་གྱི་རེ་བའང་ཡིན།

    ༤ ཁ་དན་ཚིག་གནས་ཀྱི་རྩ་དོན།

    ཁ་བཤད་དོན་ལ་གནས་པའི་རྩ་དོན་ནི། དོ་བདག་གིས་གན་རྒྱ་འཇོག་པ་དང་ཆབས་ཅིག་མགོ་སྐོར་གཏོང་བ་དང་། གཞན་ཡང་ཁ་བཤད་དོན་ལ་མི་གནས་པར་རྒྱབ་འགལ་བྱེད་པའི་བྱ་སྤྱོད་བྱེད་མི་ཆོག་པ། དེ་བཞིན་གན་རྒྱ་ལག་བསྟར་བྱེད་སྐབས་གན་རྒྱའི་ངོ་བོ་དང་དམིགས་ཡུལ། ཉོ་ཚོང་གོམས་གཤིས་བཅས་ལ་བསྟུན་ནས། མྱུར་དུ་བརྡ་ཐོ་དང་རོགས་རམ། དགོས་ངེས་ཀྱི་ཆ་རྐྱེན་མཁོ་འདོན། གྱོང་གུན་ཚབས་ཆེར་མི་འགྲོ་བ། གསང་སྲུང་སོགས་ཀྱི་འོས་འགན་འཁུར་དགོས། གན་རྒྱ་མཚམས་བཞག་རྗེས་དོ་བདག་གིས་ཁ་དན་ཚིག་གནས་ཀྱིས་དུས་ཐོག་ཏུ་བརྡ་ཐོ་དང་། རོགས་རམ། གསང་སྲུང་སོགས་ཀྱི་འོས་འགན་འཁུར་དགོས།

    ༥ ཁེ་ཕན་ལ་མི་གནོད་པའི་རྩ་དོན།

    བཅའ་ཁྲིམས་ལ་བརྩི་སྲུང་དང་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་གནོད་སྐྱེལ་མི་ཆོག་པའི་རྩ་དོན་ནི། གན་རྒྱའི་དོ་བདག་གི་བསམ་ཚུལ་བཅའ་ཁྲིམས་ལས་འགལ་མི་ཆོག་པ་དང་། སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་གནོད་སྐྱེལ་མི་ཆོག་པའི་རྩ་དོན་ལ་ཟེར་ཞིང་། གན་རྒྱའི་དོ་བདག་གི་བསམ་ཚུལ་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ལས་འགལ་མི་རུང་། སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་ལ་གནོད་སྐྱེལ་བའི་བྱེད་སྤྱོད་རིགས་ལ་རྒྱལ་ཁབ་ཀྱིས་བཀག་འགོག་བྱེད་དགོས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་ནང་བཙན་ཐབས་ཀྱི་གཏན་འབེབས་ཡོད་ན། གན་རྒྱའི་དོ་བདག་གིས་ངེས་པར་དུ་གཟབ་ནན་གྱིས་བརྩི་སྲུང་བྱེད་དགོས་པ་ལས། ངན་པ་ལག་འབྲེལ་གྱིས་རྒྱལ་ཁབ་དང་སྤྱི་ཚོགས་སམ། ཡང་ན་ཕྱོགས་གསུམ་པའི་ཁེ་ཕན་ལ་གནོད་སྐྱེལ་མི་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།