[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • རྩྭ་ཐང་སྟེང་གི་འབྲོག་ཁུལ་སྒྱུར་བཅོས་ཀྱི་ལག་ལེན།

    སྒེར་རྩེ་རྫོང་མ་མིག་ཤང་ཚྭ་མཚོ་གྲོང་ཚོ་ནས་འབྱོར་བའི་དངོས་སྡོད་སྙན་ཞུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-24

    672992_yis_1571806710984.jpg

    འདི་ནི་ཚྭ་མཚོ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་གྲོང་ཚོའི་འབྲོག་ལས་སྒྱུར་བཅོས་གཞུང་ལས་ཁང་དུ་ཁྱད་ལྡན་ཐོན་རྫས་ཚོང་གཉེར་བྲིན་འཚོང་དང་མང་ཚོགས་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།

    སྒྱུར་བཅོས་བྱེད་པར་ཐོག་མའི་བསམ་འདུན་བརྟན་སྲུང་དང་། འགན་འཁྲི་འཁུར་བ། ལས་དོན་དངོས་སྒྲུབ་པ་བཅས་བྱེད་དགོས།

    2016ལོར་ར་དཀར་པོའི་རྟེན་གཞི་དང་། ཇ་ཁང་། ཚོང་ཁང་། བྱེ་རྡོ་ར་བ། མིའི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་བཅས་ཁ་ཐོར་མཉམ་ལས་རྩ་འཛུགས་5བསྡུ་སྒྲིལ་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་བཙུགས་ཚུན་སྒེར་རྩེ་རྫོང་མ་མིག་ཤང་ཚྭ་མཚོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུན་ཚོགས་དབང་འདུས་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ལས་བྲེལ་ཧ་ཅང་ཆེན་པོ་ཡོད། དུས་ཐུང་ལོ་ཁ་ཤས་རིང་ཁོང་ཚོས་གྲོང་མི་ཚོའི་སྣེ་འཁྲིད་དེ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་དེ་མངའ་རིས་ས་ཁུལ་གྱི་འབྲོག་ཁུལ་སྒྱུར་བཅོས་ཀྱི་དཔེ་སྟོན་གྲོང་ཚོར་འགྱུར་བ་བྱས་ཡོད།

    སྒྱུར་བཅོས་ཀྱི་སྒུལ་ཤུགས་གང་ནས་བྱུང་བ་ཡིན་ནམ ——

    རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཕྱར་བ་གྲུ་འདེགས་བྱས་པ་ལས་བྱུང་བ།

    ཆ་སྙོམས་ས་བབ་སྨི་4660ཟིན་པའི་ཚྭ་མཚོ་གྲོང་ཚོར་རང་བྱུང་ཚོགས་ཆུང་10ཡོད་པར་ཁྱོན་དུད་ཚང་160དང་མི་གྲངས་752ཡོད་ཅིང་། དེ་ནི་མ་མིག་ཤང་གི་མི་འབོར་མང་ཤོས་ཀྱི་གྲོང་ཚོ་ཞིག་རེད། འབྲོག་ར་སྲུང་བ་དང་ངལ་ནུས་ལྷག་མ་ཡོད་ཀྱང་ནོར་ལུག་མང་པོ་མེད་པས་མང་ཚོགས་ཚོའི་འཚོ་བ་འབྱོར་ཕྱུག་ལྡན་པ་ཞིག་ཡོང་བའི་དགོས་མཁོ་སྐོང་མི་ཐུབ་པ་ནི་ཚྭ་མཚོ་གྲོང་ཚོའི་འབྲོག་པའི་སེམས་ཁྲལ་ཆེ་ཤོས་དེ་རེད་ལ། གྲོང་ཚོའི་ལས་བྱེད་པ་བྱས་ནས་ལོ་20ལྷག་ཙམ་སོང་བའི་ཕུན་ཚོགས་དབང་འདུས་ཀྱི་སེམས་ནད་ཆེ་ཤོས་དེ་ཡང་རེད།

    ཕུན་ཚོགས་དབང་འདུས་དང་འདྲ་བའི་གྲོང་ཚོའི་ལས་བྱེད་པ་ཚོས་སེམས་ཁྲལ་ཆེན་པོ་བྱེད་པའི་སྐབས་དེར། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཞིང་འབྲོག་ཁུལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་2015ལོར་གཞན་གྱི་སྔོན་ལ་སྒེར་རྩེ་རྫོང་དུ་འབྲོག་ཁུལ་སྒྱུར་བཅོས་ཀྱི་ཚོད་ལྟ་བྱས་པ་རེད།

    རྫོང་དང་ཤང་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྒྲིག་འཛུགས་ཐེངས་མང་བྱས་ཏེ་འབྲེལ་ཡོད་ཉམས་མྱོང་དང་དཔེ་མཚོན་བྱེད་ཐབས་ཁག་སློབ་སྦྱོང་བྱས་པས། ཕུན་ཚོགས་དབང་འདུས་ཀྱིས་གོ་སྐབས་ཤིག་ཐོབ་སོང་སྙམ། “ཁེར་རྐྱང་གི་འབད་འཐབ་ཀྱིས་ནམ་ཡང་ཕྱུག་པོར་འགྱུར་མི་སྲིད་པས་ད་ཆ་སྲིད་ཇུས་བཟང་པོ་དེ་ལྟ་བུའི་འོག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་བརྟན་འཇགས་ཡོང་འབབ་མང་དུ་བཏང་ཚེ་གཞི་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚོའི་སྣེ་འཁྲིད་དེ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ངེས་ཡིན་པ”ཕུན་ཚོགས་དབང་འདུས་ཀྱིས་ཁོག་རྩིས་ཞིག་བརྒྱབ།

    ཚྭ་མཚོ་གྲོང་ཚོར་བཅའ་སྡོད་མངའ་རིས་ས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་རུ་ཁག་གིས་ཚྭ་མཚོ་གྲོང་ཚོའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་རྗེས་ཚྭ་མཚོ་གྲོང་ཚོར་སྒྱུར་བཅོས་མི་བྱེད་ཀ་མེད་ཀྱི་དུས་སུ་སླེབས་པ་ཤེས་རྟོགས་བྱུང་།

    སྒྱུར་བཅོས་ལ་གྲུབ་འབྲས་ཐོབ་མིན་ཐད། ཕུན་ཚོགས་དབང་འདུས་ཀྱི་སེམས་ནང་གདེང་ཚོད་མེད། སྒྱུར་བཅོས་བྱེད་སེམས་སྐྱེས་པ་ནས་དུས་ཡུན་རིང་པོའི་ནང་ཁོང་ལ་བཟས་པའི་བཅུད་དང་ཉལ་བའི་གཉིད་མེད་པར་སེམས་ནང་བསམས་པ་ནི“ཉམས་མྱོང་མེད་པས་གལ་ཏེ་ཕམ་ཉེས་བྱུང་ཚེ་མི་སེར་ཚོར་རྩིས་ཇི་ལྟར་སྤྲོད་དགོས་སམ”“ད་ཆ་སྲིད་ཇུས་བཟང་པོ་དེ་ལྟ་བུ་དང་དཔེ་མཚོན་བཟང་པོ་དེ་ལྟ་བུ་དཔྱད་གཞིར་འཛིན་རྒྱུ་ཡོད་པས་སྒྱུར་བཅོས་མ་བྱས་ཚེ་དེ་ལས་ལེགས་པའི་ཐབས་ལམ་ཞིག་གང་དུ་ཡོད་དམ”སྙམ་པ་དེ་གཉིས་རེད། ལོ་མང་ལས་རོགས་བྱེད་མྱོང་བའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ཀྱིས་ཁོང་ལ་སེམས་ནད་ཡོད་པ་ཤེས་ཏེ་སྐད་ཆ་དྲིས་པ་བརྒྱུད་ཀྲི་པུའུ་ཧྲུའུ་ཅི་རྒན་གྲས་ཀྱི་བསམ་ཚུལ་རྣམས་རེ་རེ་བཞིན་བརྗོད་པས་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གཉིས་ཀྱི་བསམ་ཚུལ་གཅིག་མཐུན་བྱུང་བ་སྟེ། སྒྱུར་བཅོས་མ་བྱས་ན་གཏན་ནས་འགྲིག་ཐབས་མེད་པ་དེ་རེད།

    སྒྱུར་བཅོས་ཀྱི་སེམས་ཐག་ཇི་ལྟར་བཅད་པ་ཡིན་ནམ ——

    ལེགས་གྲུབ་མ་བྱུང་ན་བསྐྱར་དུ་འབད་དགོས།

    “སྒྱུར་བཅོས་ནི་ཐེངས་གཅིག་ལ་ལམ་ལྷོངས་ཡོང་སྲིད་པ་ཞིག་མིན་པས་ཕམ་ཉེས་ལ་སྐྲག་དགོས་དོན་མེད། གལ་ཏེ་ཕམ་ཉེས་བྱུང་ཚེ་ང་ཚོས་ཡང་བསྐྱར་འབད་ཆོག”2018ལོའི་ཟླ་7པའི་ཉིན་ཞིག་སྒེར་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡེ་ཤེས་ཐུབ་བསྟན་གྱི་སྐད་ཆ་དེས་ཕུན་ཚོགས་དབང་འདུས་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་ཚོར་སེམས་རྣལ་རིལ་བུ་ཞིག་སྦྱིན། ཚྭ་མཚོ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་མཚན་མོ་དེ་རང་ལ་ཚོགས་འདུ་འཚོགས་ནས་སྒྱུར་བཅོས་ཀྱི་དོན་དག་ལ་གྲོས་བསྡུར་བྱས།

    གྲོང་མི་ཚོས་ཚྭ་མཚོ་གྲོང་ཚོར་སྒྱུར་བཅོས་ཤུགས་ཆེན་བྱ་རྒྱུ་ཡིན་པ་ཐོས་སྐབས་ལ་ལ་དགའ་ཞིང་ལ་ལ་སེམས་ཁྲལ་གྱིས་ཁེངས།

    ལྷག་རྒྱལ་ནང་མི་ཚོས་སྒྱུར་བཅོས་ཀྱི་གནས་ཚུལ་ཐོས་སྐབས་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁྱིམ་དུ་མི་མང་ལ་ལུག་ཉུང་བ་དང་ལོ་ལྟར་དགུན་སྒྲོལ་སྐབས་ལུག་བཅུ་གཅིག་བཅུ་གཉིས་ལས་མེད་པས་ནང་མི་ཚོ་དཔྱིད་ཀ་ཤར་བའི་སྐབས་སུ་རྩ་བའི་ཆ་ནས་ཤ་བཟའ་རྒྱུ་མེད་ལ། ཚལ་དེ་བས་ཀྱང་བཟའ་རྒྱུ་མེད་པས་ནང་མི་13ཚང་མ་སྔ་ས་ནས་དབུལ་པོའི་གནས་ནས་སྒྲོལ་འདོད་ཆེན་པོ་ཡོད། ལྷག་རྒྱལ་གྱིས་གསར་འགོད་པར“ང་ཚོའི་ཁྱིམ་ལ་ངལ་ནུས་མང་པོ་ཡོད་ཀྱང་ལུག་ཉུང་བས་སོ་སོ་རང་ལ་བརྟེན་ཚེ་ཡོང་འབབ་མང་པོ་གསོག་ཐུབ་ཀྱི་མི་འདུག སྔ་ནས་ད་བར་འཚོ་བ་ཡག་པོ་ཞིག་སྐྱེལ་འདོད་ཀྱང་ཐབས་ཤེས་རྙེད་ཀྱི་མི་འདུག ང་ཚོའི་ནང་མི་ཚོས་སྒྱུར་བཅོས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན། ཏང་དང་སྲིད་གཞུང་གི་རྗེས་སུ་འབྲངས་ན་ནོར་འཁྲུལ་ཤོར་མི་སྲིད”ཅེས་བརྗོད།

    རྩྭ་ཐང་ཡོངས་སུ་དཔྱིད་རླུང་དལ་བུར་ལྡང་། སྒེར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་མངའ་རིས་ས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག ཚྭ་མཚོ་གྲོང་ཚོས་བླང་བྱ་གཞིར་བཟུང་། ཚྭ་མཚོ་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུན་ཚོགས་དབང་འདུས་ཀྱིས་ཙུའུ་ཀྲང་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ཀྱིས་ཙུའུ་ཀྲང་གཞོན་པ། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། ལྟ་སྐུལ་པ། “གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་སྤྱི་མི། “ཏང་ཡོན་གྱི་འཐུས་མི། མང་ཚོགས་ཀྱི་འཐུས་མི་སོགས་ཁོངས་མི་བྱས་ནས་ནུས་ཤུགས་ཡོད་རྒུས་གྲོང་ཚོ་ཡོངས་ཀྱི་སྒྱུར་བཅོས་ལས་དོན་ལ་ཞུགས་པ་རེད།

    གྲོས་བསྡུར་འཁྲུག་པོ་ཐེངས་མང་བྱས་པ་དང་ཇུས་གཞིར་བཟོ་བཅོས་ཐེངས་མང་བརྒྱབ་པ་བརྒྱུད། དུས་ཡུན་ཟླ་5སྟེ་2018ལོའི་ཟླ་7པར་གཞི་ནས《2018ལོའི་ཚྭ་མཚོ་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་ཀྱི་ཇུས་གཞི》བཏོན་པ་རེད།

    ལྷུ་ཚིགས་རེ་རེ་བཞིན་བདེན་དཔང་དང་རིམ་པ་བཞིན་སྐུལ་སློང་བཀོད་སྒྲིག་བྱས་པ་བརྒྱུད《2018ལོའི་ཚྭ་མཚོ་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་ཇུས་གཞི》གཞི་ནས་བཏོན་ཡོད། གྲོང་མི་མི་རེས་ལུག་8དང་། ར་7 ལུ་གུ་4 གཞི་གྲངས་ཀྱི་ཚད་གཞི་སྒོར་2000བཅས་ལ་བརྟེན་ནས་མ་རྐང་ནང་ཞུགས་པ་དང་། 2018ལོའི་ཟླ་7པར་མ་རྐང་ནང་ཞུགས་མཁན་འབྲོག་དུད་150དང་མི་གྲངས་689ཟིན་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་གིས་བཀོལ་སྤྱོད་ཆོག་པའི་མ་དངུལ་བསྡོམས་སྒོར་ཁྲི་300ཟིན་ནས་ཚྭ་མཚོ་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཇི་ལྟར་བཏང་བ་ཡིན་ནམ ——

    གསར་འབྱེད་གསར་གཏོད་ནམ་ཡང་བྱེད་མཚམས་མི་བཞག་པས་ཡིན།

    གལ་སྲིད“ལྟོ་ཡག་པོ་ཞིག་ཟ་རྒྱུ”ནི་ཚྭ་མཚོ་གྲོང་ཚོའི་སྒྱུར་བཅོས་གོང་གི་ཕུགས་འདུན་ཡིན་ཚེ་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ནི་གྲོང་མི་ཚོས་ལྟོ་ཡག་པོ་བཟས་རྗེས་ཀྱི་ཐོག་མའི་ཕུགས་འདུན་དང་དོན་གཉེར་ཞིག་རེད།

    ལོ་གཅིག་གི་གོང་དུ། ཚྭ་མཚོ་གྲོང་ཚོའི་གྲོང་མི་བཀྲ་ཕུར་ཁྱིམ་གྱི་ནང་མི་6ད་དུང་མ་མིག་ཤང་ནས་སྤྱི་ལེ་42ཡོད་པའི་འབྲོག་ཁུལ་གྱི་ས་ཕག་གི་ཁང་པར་སྡོད་ཀྱི་ཡོད་ལ། ལུག་པགས་གདན་དུ་བཏིང་ནས་དབུལ་ཞིང་ཕོངས་པའི་འཚོ་བ་སྐྱེལ་བཞིན་ཡོད། སྒྱུར་བཅོས་བྱས་རྗེས་བཀྲ་ཕུར་གྱི་ཁྱིམ་ཤང་ཡོད་སར་སྤོས་ནས་ཁང་པ་ཆེན་པོར་སྡོད་རྒྱུ་བྱུང་བ་མ་ཟད། མ་རྐང་ནང་ཞུགས་ཆེད་གཡར་བའི་བུ་ལོན་སྒོར་ཁྲི1.2ཡང་གཙང་འཇལ་ཐུབ་པ་རེད། “སྐབས་དེ་དུས་ཕུན་ཚོགས་དབང་འདུས་ཀྱིས་སྒྱུར་བཅོས་བྱ་རྒྱུའི་སྐོར་གླེང་སྐབས་ངའི་སེམས་ལ་གདེང་ཚོད་དེ་ཙམ་མེད་པར་བརྟེན་དེ་ནི་ཁ་ཤོབ་ཙམ་རེད་སྙམ་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་སྒྱུར་བཅོས་བྱས་ནས་ལོ་གཅིག་ཙམ་ལས་མ་སོང་བར་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་སོང་། ད་ཆའི་འཚོ་བ་ནི་དངོས་འབྲེལ་བདེ་སྐྱིད་ལྡན་པ་ཞིག་འདུག ངས་ད་དུང་རླངས་འཁོར་གཅིག་དང་སྦག་སྦག་གཅིག་ཉོས་ཡོད”ཅེས་བཀྲ་ཕུར་གྱི་གདོང་ནས་འཛུམ་མདངས་འཕྱུར་བཞིན་དུ་བཤད། བཟའ་ཟླ་བསམ་སྐྱིད་ཀྱིས་ཕྲུ་གུར་ལྟ་རྟོག་བྱེད་པ་དང་། ལོ་49ལ་སླེབས་པའི་བཀྲ་ཕུར་གྱིས་ཇ་བསྲུབས་མ་འཐུང་བཞིན་ཁང་པ་གསར་པར་བདེ་སྐྱིད་ཀྱི་རྣམ་པས་ཁེངས་བཞིན་མཆིས།

    ཚྭ་མཚོ་གྲོང་ཚོའི་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་ལ་རིམ་བཞིན་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། སྤྱི་ཚོགས་ཅན། རྩ་འཛུགས་ཅན་བཅས་མངོན་འགྱུར་བྱུང་སྟེ་སྒྱུར་བཅོས་ཀྱི་བཀྲག་མདངས་འཚེར་ས་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    སྒྱུར་བཅོས་བྱས་ནས་ཟླ་4སོང་རྗེས་ཀྱི་2018ལོའི་ལོ་མཇུག་བར། ཚྭ་མཚོ་གྲོང་ཚོའི་འབྲོག་ལས་ལ་ཡོང་འབབ་སྒོར་ཁྲི་79དང་། ཨར་ལས་རུ་ཁག་ལ་ཡོང་འབབ་སྒོར་ཁྲི་58 ཚོང་ཁང་ལ་ཡོང་འབབ་སྒོར་ཁྲི་3.06 ཟ་ཁང་ལ་ཡོང་འབབ་སྒོར་ཁྲི་4.24 འབྲོག་ལས་ཐོན་རྫས་ལ་ཡོང་འབབ་སྒོར་ཁྲི་105བཅས་བྱུང་ཡོད། གྲོང་ཚོ་ཡོངས་ཀྱི་དུད་ཚང་150དང་མི་གྲངས་689གནས་དེ་རང་དང་ཐག་ཉེ་སར་མཉམ་སྡེབ་ངལ་ནུས་ཕྱིར་གཏོང་གི་ལས་ལ་ཞུགས་ཏེ་གྲོང་མི་རྣམས་ཁྱིམ་ནས་ཐོན་མི་དགོས་པར་འབབ་འཕར་ཕྱུག་འགྱུར་བྱུང་བ་དང་། “དབུལ་སྒྲོལ་བྱེད་པར་རང་ས་རང་ཡུལ་ནས་ཁ་འབྲལ་མི་དགོས་པ་དང་། ཕྱུག་འགྱུར་ཡོང་བར་རང་ས་རང་ཡུལ་ནས་ཁ་འབྲལ་མི་དགོས་པའི”ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ནས་གྲོང་ཚོ་ཡོངས་ཀྱི་རྒན་གཞོན་ཚང་མས་སྒྱུར་བཅོས་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།