[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • དམངས་འཚོ་དང་། སློབ་གསོ། སྨན་བཅོས་བཅས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།

    ​ —— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་སྒྲིལ་གླེང་ལྔ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-03

    འཚོ་བ་འབྱོར་ཕྱུག་ལྡན། སྦྱོང་དུས་སློབ་མཁན་ཡོད། ན་དུས་སྨན་བཅོས་ཐུབ།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གཉའ་གནོན་ཕོག་པ་དང་གང་ཡང་མེད་པ་ནས་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་ལྟོ་གོས་འཛོམས་པའི་བར་གྱི་ལོ་དྲུག་ཅུའི་རིང་བོད་ཀྱི་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་བས་ཇེ་ལེགས་སུ་ཕྱིན་པ་དང་བདེ་སྐྱིད་སྟོན་གྲངས་དེ་བས་མཐོ་རུ་ཕྱིན་ཡོད། བོད་ཀྱི་མི་སེར་ཚོའི་རྒྱུན་གཏན་འཚོ་བར་བལྟ་སྐབས་དྲོ་སྐྱིད་དང་མཛེས་སྡུག་གིས་ཕྱུག་པའི་དམངས་འཚོའི་རྣམ་པ་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་འགྱུར་བཞིན་མཆིས།

    གང་ཡང་མེད་པ་ནས་འཚོ་བ་འབྱོར་ཕྱུག་བར།

    འདི་ལོའི་བོད་ཀྱི་ལོ་གསར་གྱི་ཚེས་པ་གཅིག་ལ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་སྡོད་མཁན་ལོ་87ལ་སླེབས་པའི་ཨ་མ་ཟླ་སྐྱིད་ཀྱིས་ནམ་རྒྱུན་དང་འདྲ་བར་ལོ་གསར་གྱི་ཆུ་ཕུད་དང་པོ་དེ་བླངས། བོད་རྙིང་པ་བརྒྱུད་མྱོང་བའི་ཁོང་གིས་ད་ཆའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱེད་ལ། བདེ་སྐྱིད་འཚོ་བ་ཆུ་མོའི་རྒྱུན་ལྟར་ཡོང་རྒྱུའི་རེ་སྒུག་བྱེད་བཞིན་འདུག

    ད་ཆ་བོད་དུ་མི་དམངས་རྣམས་བདེ་སྐྱིད་ལས་བརྩོན་གྱི་དགའ་སྤྲོའི་རྣམ་པར་རོལ་བཞིན་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2018ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33797ཟིན་པ་དེ་དུས་མཚུངས་ལས་10.2%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ལ། རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.4ཡིས་མཐོ་བ་ཡོད། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11450ཟིན་པ་དེ་དུས་མཚུངས་ལས་10.8%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ལ།རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་2ཀྱིས་མཐོ་བ་ཡོད། དམངས་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99.8%ཟིན་ཡོད་པ་རེད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་ཀྱི་མི་འབོར་གྱི་5%ཡང་མ་ཟིན་པའི་མངའ་བདག་ཆེན་པོ་གསུམ་གྱིས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བདག་གིར་བཟུང་ཡོད། འོན་ཀྱང་95%ཡི་ཞིང་བྲན་ལ་ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་རང་དབང་གང་ཡང་མེད་ལ། ཡ་ང་བའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད། སྐབས་དེ་དུས་ཞིང་འབྲོག་པ་ཚང་མ་ནི་ཚེ་གང་བུ་ལོན་ཟུག་པའི་ཞིང་བྲན་ཤ་སྟག་ཡིན་ལ། ཆད་པའི་བུ་ལོན་ཡང་མི་རབས་ཁ་ཤས་ཀྱིས་འཇལ་ཡང་འཇལ་ཚར་དུས་མེད།

    སྐབས་དེ་དུས་དམངས་གཞས་དེ་འདྲ་ཞིག་དར་ཡོད་པ་སྟེ། “སྤོ་བོའི་སྤོ་བོས་བུ་ལོན་ཟུག པ་ཕའི་པ་ཕས་འཇལ་མི་ཚར། བུའི་བུ་ཡི་དུས་ལའང་། སྐྱེད་ལྕིའི་བུ་ལོན་འཇལ་མི་ཚར”ཞེས་པ་དེ་ལས་བུ་ལོན་ག་ཚོད་འཇལ་ཡང་འཇལ་ཚར་དུས་མེད་པའི་སྐབས་དེ་དུས་ཀྱི་ཡ་ང་བའི་གནས་ཚུལ་མཐོང་ཐུབ།

    འདི་ལོ་ལོ་76ལ་སླེབས་པའི་བགྲེས་སོང་པ་སངས་ཀྱིས་སྤྱི་ཚོགས་རྙིང་པར་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་དྲོས་ཀྱི་མེད། ད་ཆ་རྩམ་པ་དང་། མར། ཤ་སྐམ་པོ། སྔོ་ཚལ། ཤིང་འབྲས་བཅས་གང་ཟ་འདོད་ན་ཟ་རྒྱུ་ཡོད་པ་དང་གྱོན་ཆས་དང་ལྷམ་གང་གྱོན་འདོད་ན་གྱོན་རྒྱུ་ཡོད་ལ་བཟོ་ལྟ་འདྲ་མིན་སྣ་ཚོགས་ཡོད་པ་མ་ཟད། འཚོ་བ་ཡང་ཉིན་རེ་ལས་མི་འདས་པར་བདེ་སྐྱིད་ལྡན་པ་ཞིག་ཡོད་ཅེས་བཤད།

    ཡི་གེ་གཅིག་ཀྱང་མི་ཤེས་པ་ནས་སྦྱོང་དུས་སློབ་མཁན་ཡོད་པའི་བར།

    ཆིང་ཧྭ་སློབ་ཆེན་དུ་ཡོད་པའི་བདེ་སྐྱིད་དབང་རྒྱལ་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་ཐག་རིང་གྲོང་ཚོ་ཞིག་ནས་ཡིན་ཞིང་། ཁྱིམ་དུ་མིང་སྲིང་མང་བའི་ཁར་ཁྱིམ་ཚང་གི་འཚོ་བ་ཞན་མོད། འོན་ཀྱང་བདེ་སྐྱིད་དབང་རྒྱལ་སློབ་མཚམས་མི་ཆད་པར་མུ་མཐུད་སློབ་གྲྭར་བསྐྱོད་ཐུབ་པ་བྱུང་ཡོད། བདེ་སྐྱིད་དབང་རྒྱལ་གྱིས“ཏང་དང་སྲིད་གཞུང་གི་བཀའ་དྲིན་འོག་ངས་འགན་ལེན་གསུམ་དང་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལོངས་སུ་སྤྱོད་རྒྱུ་བྱུང”ཞེས་བཤད།

    བོད་རྙིང་པར་སློབ་གསོ་དང་ལེན་བྱེད་མཁན་མང་ཆེ་བ་ནི་སྐུ་དྲག་གི་བུ་ཕྲུག་ཤ་སྟག་ཡིན་པ་དང་མི་འབོར་གྱི་95%བཟུང་བའི་ཞིང་བྲན་ལ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་མེད་ལ་ན་གཞོན་ཡིག་རྨོངས་བས་95%ཡན་བཟུང་ཡོད། ཨ་རིའི་རྩོམ་པ་པོ་གྲགས་ཅན་ཨན་ནཱ·ལུའུ་དབྱི་སི·སི་ཐེ་ལང་གིས་བྲིས་པའི《ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བྱུང་བ》ཞེས་པའི་དེབ་ནང“སྤྱི་ཚོགས་རྙིང་པར་ངས་བུ་ཡི་གེ་དང་འཚེམ་བཟོའི་ལག་རྩལ་སྦྱོང་བར་གཏོང་བསམ་ཡང་། ང་ཚོ་ཞིང་བྲན་ལ་དབང་ཆ་མེད། ད་ཆ་བུ་ནང་སར་སློབ་སྦྱོང་བྱེད་ཀྱི་ཡོད། ཕྱིས་སུ་ལོག་རྗེས། ལག་རྩལ་བཟོ་པ་ཞིག་ཆགས་ངེས་རེད། བུ་ང་དང་འདྲ་བར་དཀའ་ལས་དེ་འདྲ་རྒྱག་དགོས་མེད”ཅེས་ཞིང་བྲན་ཞིག་ལ་བཅར་འདྲི་བྱས་པའི་སྐད་ཆ་དུམ་བུ་དེ་བཀོད་ཡོད།

    ལོ་དྲུག་ཅུའི་རིང་། རང་ལྗོངས་ཀྱིས་སྤྱི་པའི་ནོར་སྲིད་གཏོང་སྒོ་རྒྱུན་ཆད་མེད་པར་མང་དུ་བཏང་བ་མ་ཟད། སློབ་གསོའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་སློབ་མར“སློབ་གྲྭ་སྐྱོད་བསམ་པ”དང་། “སློབ་གྲྭར་སྐྱོད་ཐུབ་པ”“སློབ་གྲྭ་ཡག་པོར་སྐྱོད་ཐུབ་པ”བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཞིང་འབྲོག་པ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུ་ཚང་མ་སློབ་གྲྭར་སྐྱོད་པའི་འདུན་པ་འགྲུབ་ཡོད།

    ད་ཆ་རང་ལྗོངས་ཀྱིས་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་བཅོ་ལྔའི་རིན་མེད་སློབ་གསོའི་མ་ལག་བཙུགས་པ་དང་ཞིང་འབྲོག་པའི་བུ་ཕྲུག་ལ་ཟ་སྡོད་སློབ་ཡོན་བཅས་ཀྱི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་སློབ་ཡོན་མི་དགོས་པར་སློབ་ཆེན་འགྲིམ་ཆོག་གི་ཡོད།

    2016ལོར་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། བོད་སྐྱོར་རུ་ཁག་གི་སྣེ་ཁྲིད་ཁྱབ་འགྱེད་ནུས་པ་འདོན་སྤེལ་ཐུབ་པ་དང་། རོགས་སྐྱོར་སློབ་གྲྭའི་དོ་དམ་ཆུ་ཚད་དང་སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོ་རུ་ཕྱིན་པ། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ལེགས་ཆ་དང་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2018ལོའི་ཟླ་བརྒྱད་པའི་ཟླ་མཇུག་བར། ཞིང་ཆེན་དང་གྲོང་ཁྱེར་17དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་སུམ་ཅུ་ཡིས་སྔ་རྗེས་སུ་བོད་སྐྱོར་དགེ་རྒན་1278བོད་དུ་བཏང་ཡོད། ད་ཆ་བོད་སྐྱོར་དགེ་རྒན་785ཡིས་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེད་རང་ནུས་ལེགས་སྐྱེས་ཕུལ་བཞིན་ཡོད་ལ། རང་ལྗོངས་ཀྱི་མི་རིགས་ཁག་གི་སློབ་མ་ཚོས་ཕ་ཡུལ་དུ“ནང་སའི་བོད་ལྗོངས་འཛིན་གྲྭ”དང་འདྲ་བའི་སྤུས་ལེགས་སློབ་གསོ་ལོངས་སུ་སྤྱོད་བཞིན་ཡོད།

    བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པར། 2018ལོའི་ཟླ་10ཚེས་31ཉིན་བར། རང་ལྗོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྱོན་2442ཡོད་པ་དང་སློབ་ཆུང་གི་སློབ་ཁྲིད་ས་ཚིགས་164ཡོད་པར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་70.2336ཟིན་ཡོད། སློབ་ཆུང་དུ་བསྐྱོད་མཁན་སློབ་མ་99.5%ཟིན་པ་དང་། དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་དུ་ན་འདྲེས་སློབ་ཞུགས་བྱེད་ཚད་99.5%དང་82.3%སོ་སོར་ཟིན་པ་དང་མཐོ་རིམ་སློབ་གསོར་ན་འདྲེས་སློབ་ཞུགས་བྱེད་ཚད་39.2%ཟིན་ཡོད་པ་རེད།

    གཞན་ཡང་། མཐོ་སློབ་འཛུགས་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། བོད་ལྗོངས་སློབ་ཆེན“པུའུ་ཁུལ་མཉམ་སྐྲུན”དང“རྩེ་གྲ་གཉིས”ཀྱི་རིག་ཚན་འཛུགས་སྐྱོང་གི་མཐོ་སློབ་ཀྱི་གྲས་སུ་ཚུད་ཡོད། བོད་ཀྱི་གསོ་བ་རིག་པའི་སློབ་གླིང་དེ་ཉིད་བོད་ལྗོངས་གསོ་བ་རིག་པའི་སློབ་ཆེན་ལ་མིང་སྒྱུར་བྱས་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་བོད་ཀྱི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་མཐུན་སྦྱོར་གསར་གཏོད་ལྟེ་གནས་སློབ་གསོ་པུའུ་ཡི་ཞིང་ཆེན་དང་པུའུ་མཉམ་སྐྲུན་མཐུན་སྦྱོར་གསར་གཏོད་ལྟེ་གནས་ནང་ཐེངས་དང་པོར་བདམས་ཡོད།

    ནད་བསྟེན་ས་མེད་པ་ནས་ན་དུས་སྨན་བཅོས་ཐུབ་པའི་བར།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་མ་བུའི་འཕྲོད་སྦྱོར་ཁང་དུ་སྒྲོལ་མར་ཕྲུ་གུ་ཞིག་བཙས། ཁོང་གིས“སྨན་རིན་ཕིང་གཅིག་ཀྱང་སྤྲོད་དགོས་མ་བྱུང་ལ། ད་དུང་ཁ་གསབ་དངུལ་སྒོར་2000ལྷག་ཙམ་ལེན་རྒྱུ་འདུག”ཅེས་བཤད།

    སྙེ་མོ་རྫོང་མཁར་རུ་ཤང་མཁར་རུ་གྲོང་ཚོའི་ལོ་85ལ་སླེབས་པའི་ཨ་མ་བདེ་ཆེན་པད་སྒྲོན་གྱིས་ངའི་ཁྱིམ་དུ་ད་དུང་ལོ་80སླེབས་པའི་བཟའ་ཟླ་དང་ལོ་50སླེབས་པའི་དབང་པོ་སྐྱོན་ཅན་གྱི་བུ་མོ་ཞིག་ཡོད། བུ་མོར་བུ་ཞིག་ཡོད་པ་དེ་ལོ་8ལ་སོན་སྐབས་གྲོངས་པ་དང་མག་པའང་ཁྱིམ་ནས་ཐོན་སོང་། གཞེས་ནིང་ལོར་ང་ཚོའི་ཁྱིམ་དང་ཆ་སྒྲིག་འབྲེལ་བ་བཙུགས་པའི་གོང་རིམ་སྨན་ཁང་གི་སྨན་པས་ཟླ་རེར་ང་ཚོར་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་ཐེངས་གཉིས་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། རང་ལྗོངས་ལ་དེང་རབས་ཅན་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་གཅིག་ཀྱང་མེད་པ་དང་ལྷ་འབྲུམ་དང་། སྐྱུག་བཤལ། རྒྱུ་ཚད། རྨ་ངན་དུག་མཆེད་སོགས་ཀྱི་ནད་ཡམས་ཁྱབ་མང་ལ། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་མང་བ་དང་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ལས་མེད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རང་ལྗོངས་ཀྱིས་སྨན་ཁང་བསྐྲུན་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། ད་ཆ་རང་ལྗོངས་སུ་རྫོང་ཚང་མར་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་། ཤང་ཚང་མར་འཕྲོད་བསྟེན་ཁང་། གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་བཅས་ཡོད་པ་དང་རྫོང་དང་ཤང་གི་སྨན་བཅོས་སྒྲིག་གཞིར་མྱུར་སྐྱོབ་རླངས་འཁོར་དང་སྐོར་སྐྱོད་ཞབས་ཞུའི་རླབས་འཁོར་ཡོད་ལ། སྲིད་འཛིན་གྲོང་ཚོ་རེར་སྨན་པ་གཅིག་ནས་གཉིས་བར་ཡོད་པས་རྒྱུན་མཐོང་ནད་དང་ཐོན་སླ་བའི་ནད་འཕྲོད་བསྟེན་ཁང་གིས་བཅོས་ཐུབ་ཀྱི་ཡོད། རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ལ་Xགློག་པར་དང་། ལྟ་སྐྱོང་ཡོ་ཆས། ཆེ་ཤེལ། སྙིང་པར་སོགས་གཞི་རྩའི་སྨན་བཅོས་སྒྲིག་ཆས་ཡོད་པ་མ་ཟད། སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱང་ཞིང་འབྲོག་པ་ཡོངས་ལ་ཁྱབ་ཡོད།

    “ང་ཚོའི་སྨན་ཁང་དུ་ཀྲུང་ལུགས་གསོ་རིག་དང་། ཕྱི་ལུགས་གསོ་རིག བོད་ཀྱི་གསོ་བ་རིག་པ་བཅས་ཆ་ཚང་ཡོད། མི་སེར་ཚོས་གང་ལྟ་འདོད་ན་ལྟ་ཆོག་གི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ནད་སྐྱོང་པུའི་ཀྲུན་རེན་ཝང་ཧུང་དབྱིང་གིས་བཤད་ཅིང་། ཁོང་གིས་ང་ཐོག་མར་སྨན་ཁང་དེར་ལས་ཀ་བྱེད་སྐབས་ཕོ་བཤེར་བརྟག་དཔྱད་བྱེད་ཐུབ་ཀྱི་མེད། ད་ཆ་སྨན་བཅོས་ཀྱི་སྒྲིག་ཆས་ཆ་ཚང་ཡོད་ཅེས་བཤད།

    སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་དང་ནུས་པ་མཐོ་རུ་གཏོང་བར་རང་ངོས་ལ་བརྟེན་དགོས་པ་མ་ཟད། ཕྱིའི་རོགས་སྐྱོར་ལའང་བརྟེན་དགོས། 2015ལོའི་ཟླ་8པར་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་སོགས་སྡེ་ཚན་གྱིས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་བས་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཏེ“ནད་ཆེན་བོད་ནས་བཅོས་ཐུབ་པ་དང་། ནད་འབྲིང་གྲོང་ཁྱེར་དང་ས་ཁུལ་ནས་བཅོས་ཐུབ་པ། ནད་ཆུང་རྫོང་དང་ཤང་ནས་བཅོས་ཐུབ་པ”བཅས་བྱུང་ཡོད།

    གཞན་ཡང་། 2018ལོར་རང་ལྗོངས་ཀྱིས་སྨན་བཅོས་རོགས་སྐྱོབ་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆ་རྐྱེན་དང་མཐུན་པའི་མི་འབོར་དབུལ་པོ་ནད་ཆེན་སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་པ་དང་ལོ་ཧྲིལ་པོར་མི་ཐེངས་ཁྲི་13ལ་རོགས་སྐྱོབ་བྱས་ནས་ནད་ཀྱིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་གཏན་འགོག་བྱས་ཡོད། དབང་པོ་སྐྱོན་ཅན་སྒྲིག་འཛུགས་བྱས་ནས་གཤགས་བཅོས་དྲག་སྐྱེད་ཀྱི་འབྱུང་འགྱུར་འཆར་གཞིའི་རྣམ་གྲངས་ལག་བསྟར་བྱས་པ་དང་ནད་ཕོག་པའི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་150ཡོད་པའི་ནང་བྱིས་པ་22ནང་སར་གཅིག་སྡུད་གཤགས་བཅོས་བྱས་ནས་དྲག་སྐྱེད་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།