[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • “ ཕྱུག་འགྱུར་གྱི་བདེ་སྐྱིད་ལམ་བུ ”བཏིང་བ།

    —— ལྗོངས་ཡོངས་ཀྱིས“ལེགས་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”བསྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-07

    དེ་སྔ་རང་ལྗོངས་ཀྱི་འཕེལ་རྒྱས་ལ་འགོག་རྐྱེན་ཆེ་ཤོས་བཟོ་མཁན་ལམ་ཡིན་ལ། རང་ལྗོངས་ཀྱི་མང་ཚོགས་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་འཇུར་མིག་ཆེ་ཤོས་དེའང་ལམ་ཡིན་པ་རེད། ད་ཆ། ལམ་ཉེན་ཁ་ཆེ་ལ་སྒྲོལ་དཀའ་བའི་སྣང་ཚུལ་རྦད་དེ་མེད་པར་གྱུར་ཡོད་པ་རེད།

    2017ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་6.04ཟིན་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་བྱེད་ཚད་སྤྱི་ལེ་ཁྲི་4.78ཟིན་པ། ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་99.71%དང་99.45%སོ་སོར་ཟིན་པ། ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་སྣུམ་ནག་ལམ་ཤར་གཏོང་ཐུབ་ཚད་77.62%དང་38.12%སོ་སོར་ཟིན་པ། ཤང་དང་གྲོང་རྡལ་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་84.6%ཟིན་པ་བཅས་རེད།

    རིམ་པ་མཐོ་རུ་བཏང་ནས་གྲོང་གསེབ་ཀྱི་ལམ་ཡག་པོ་བསྐྲུན་པ།

    དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བར་འགྲིམ་འགྲུལ་སྔོན་ལ་ཤར་གཏོང་ཐུབ་པ་དགོས། ཉེ་ལམ་ལོ་ཤས་རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་ཨ་མ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་ཆབས་ཅིག གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཚོ་ཁག་གི་ལམ་ཆུང་བར་སྣུར་སྲིང་བྱས་པས། མཐའ་མའི་འགག་གནད་ལས་གྲོལ་བ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཆེད་འགྲིམ་འགྲུལ་འགན་ལེན་བྱུང་ཡོད།

    མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཞིང་། 《གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་སྒྲིག་གཞི་དང་ལམ་སྲོལ་གསར་པ་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་PSLདངུལ་བུན་མ་དངུལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ་བོད་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1000ལྷག་ཙམ་གཏོང་རྩིས་ཡོད་པ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”ལྡབ་6ལྷག་ཙམ་ཡིན་པ་རེད།

    ཞིབ་མཆན་འགོད་པའི་ལས་ཆོད་ཆེ་རུ་བཏང་ཞིང་། ལོ་གཉིས་བསྟུད་མར་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དབང་ཚད་གཤམ་སྤྲོད་བྱས་ཏེ་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ཞིབ་མཆན་འགོད་པའི་མྱུར་ཚད་མགྱོགས་སུ་བཏང་བ་རེད། 2016ལོར་གྲོང་ཁྱེར(ས་ཁུལ)ཁག་གི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་དབང་ཚད་སྒོར་ཁྲི་3000ནས་སྒོར་ཁྲི་5000བར་ལེགས་སྒྲིག་བྱས་པ་དང2017ལོར་གྲོང་ཁྱེར(ས་ཁུལ)ཁག་གི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དབང་ཚད་སྒོར་ཁྲི་5000ནས་སྒོར་དུང་ཕྱུར་1བར་ལེགས་སྒྲིག་བྱས་ཡོད་པ་རེད།

    འཛུགས་སྐྲུན་ལམ་སྲོལ་གསར་གཏོད་བྱས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྤེལ་བའི་ས་ཁུལ་ལ་སྲིད་ཇུས་ཐོག་ནས་གཟིགས་སྐྱོང་འོས་འཚམ་བྱས་ཏེ་སྔོན་ཐོན་ལ་ལྕག་སྐུལ་དང་གཏིང་ཤུགས་འཕེལ་བར་སྐུལ་ལྕག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་ནང་རིམ་ཁག་སྲིད་གཞུང་ཞུགས་པའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་པ་རེད།

    གྲོང་གསེབ་ཀྱི་ལམ་བདག་སྐྱོང་ཡག་པོ་བྱས་པ།

    ཉེ་ལམ་ལོ་ཤས་རིང་། རང་ལྗོངས་ཀྱི་གཞུང་ལམ་ཟམ་མི་ཆད་པར་རིམ་པ་སྤར་བ་དང་ལམ་སྐྱོང་གི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ལམ་སྐྱོང་ལམ་ཚད་སྤྱི་ལེ་7247ནས་89936བར་སྣུར་སྲིང་བྱས་པ་དང་གཞུང་ལམ་བདག་སྐྱོང་བྱེད་ཚད་95%ཟིན་པ་བྱས་ཡོད། ལམ་སྐྱོང་སྟོབས་ཤུགས་ཀྱང་དུས་ཚིགས་རང་བཞིན་ནས་ཉིན་ལྟར་བར་བསྒྱུར་བ་དང་ལས་ཞོར་ནས་ཆེད་ལས་བར་བསྒྱུར་ཐུབ་པ་བྱས་ཡོད།

    བྱེད་པོའི་འགན་འཁྲི་ཁ་གསལ་བཟོས་ཤིང་། 《གཞུང་ལམ་བདག་སྐྱོང་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ཏེ་རྫོང་དང་ཆུས་མི་དམངས་སྲིད་གཞུང་ནི་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་གི་བྱེད་པོའི་འགན་འཁྲི་ཁ་གསལ་བཟོས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་རྫོང་དང་ཤང་མི་དམངས་སྲིད་གཞུང་དང《གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་དོ་དམ་གྱི་དམིཌ་ཚད་འགན་འཁྲིའི་ཡི་གེ》རིམ་པ་བཞིན་བཞག་སྟེ་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་དོ་དམ་དང་དཔྱད་ཞིབ་ལ་སྣང་ཆེན་གྱིས་དོ་དམ་བདག་སྐྱོང་གི་འགན་ནུས་ཟམ་མི་ཆད་པར་ཤུགས་ཆེར་བཏང་ཡོད།

    ཚེ་སྲོག་བདེ་འཇགས་སྲུང་སྐྱོང་གི་འདུ་འགོད་ལག་བསྟར་མྱུར་པོ་བྱས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མ་དངུལ་སྒོར་དུང་ཕྱུར་32.1བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་དང་ཉེན་ཡོད་ཟམ་པ་སྒྱུར་བཀོད་ཀྱི་ལས་གྲྭ་དང་གཞུང་ལམ་བདེ་འཇགས་དང་ཚེ་སྲོག་སྲུང་སྐྱོང་གི་འདུ་འགོད་སྔ་སྣུར་དུ་ལག་བསྟར་བྱས་པ་ལས་ཉེན་ཡོད་ཟམ་པ་སྒྱུར་བཀོད་ལས་གྲྭས་ཁྱོན་ཟམ་པ་465སྒྱུར་བཀོད་བྱས་པ་དང་གཞུང་ལམ་སྤྱི་ལེ་12227གྱི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སེལ་ཡོད་པ་རེད།

    བདག་སྐྱོང་གི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཤིང་། རྒྱུན་གཏན་གྱི་སྐོར་ཞིབ་དང་། དུས་བཀག་ཞིབ་བཤེར། དམིགས་བསལ་ཞིབ་བཤེར་བཅས་ཟུང་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རིམ་ཁག་འགྲིམ་འགྲུལ་སྡེ་ཚན་གྱིས་བྱང་བུ་བཀལ་ནས་སྒྲུབ་སྐུལ་བྱས་པའི་བདག་སྐྱོང་ལམ་སྲོལ་གཞིར་བཟུང་། བདག་སྐྱོང་ལས་དོན་སྤྱི་འདོམས་འཆར་འགོད་བྱས་ཏེ་སྤེལ་བས“གཅིག་གྱུར་དོ་དམ་དང་། རིམ་དབྱེ་འགན་ཁུར། རྫོང་གཙོ་བོར་བྱེད་པ། གྲོང་གསེབ་མཐུན་སྦྱོར”བཅས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་རྣམ་པ་ཆགས་པར་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ལས་དོན་དེ་རྒྱུན་གཏན་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།

    སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡག་པོ་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ།

    ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་འགྲོ་ལམ་སྐྱེལ་འདྲེན་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི》དང《གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་མགྱོགས་མྱུར་གཏོང་བའི་སྐོར་གྱི་བསམ་འཆར》སྔ་རྗེས་སུ་བཟོས་ནས་བཏོན་ཏེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་། གྲོང་གསེབ་ཀྱི་འགྲོ་ལམ་བདེ་འཇགས་ཀྱི་ལྟ་སྡོམ་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ལྟ་སྡོམ་ལམ་སྲོལ་འཛུགས་པ་བཅས་དམིགས་ཡུལ་དུ་བྱས་པ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ཀྱི་འགན་དབང་ཕྱོགས་ཡོངས་ནས་གཤམ་སྤྲོད་ལ་སྐུལ་འདེད་བཏང་བ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁ་གསབ་ཀྱི་ཆེད་དོན་མ་དངུལ་ཐེབས་རྩ་བཙུགས་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་གཉེར་སྐྱོང་ལ་ཁ་གསབ་སྤྲད་པ་རེད།

    མིག་སྔའི་བར་ལྗོངས་ཡོངས་སུ་རིམ་ལྡན་འགྲུལ་སྐྱེལ་ས་ཚིགས་89བསྐྲུན་པ་དང་། གྲོང་གསེབ་ཀྱི་དུས་གཏན་འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་ཐིག་203ཤར་གཏོང་ཐུབ་པ། རྫོང་དང་། ཤང་དང་གྲོང་རྡལ། སྒྲིག་གཞི་ཚང་བའི་གྲོང་ཚོ་བཅས་སུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་98.6%དང་། 84.6%39.5%བཅས་སོ་སོར་ཟིན་ཡོད་པ་རེད།

    འཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་འཛིན་གྱིས་གྲོང་གསེབ་ཀྱི་གཞུང་ལམ་ལ་དོ་དམ་ཡག་པོ་བྱས་པ།

    ཀྲུང་དབྱང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་ས་ཁུལ་དབུལ་པོའི་མང་ཚོགས་མགྱོགས་མྱུར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་བྱས་ཡོད། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྡེ་ཚན་གྱིས་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་ཡག་པོ་བྱས་པས་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་ལ་ཕན་འབྲས་ཡག་པོ་ཐོབ་པ་སྟེ། 

    གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་སྲིད་འཛིན་ཁྲིམས་འཛིན་དཔུང་ཁག་རགས་ཙམ་བཙུགས་ཤིང་། ལྗོངས་ཡོངས་ཀྱི་རྫོང་ཁག་ཏུ་སྐྱེལ་འདྲེན་དོ་དམ་སུའོ་བཙུགས་ནས་ཆེད་དོན་ལས་དོན་མི་སྣ་བཀོད་སྒྲིག་བྱས་ཡོད། མིག་སྔར་རྫོང་དང་ཆུས་ལ་ཁྲིམས་འཛིན་ཐོབ་ཐང་ལྡན་པའི་ལས་དོན་མི་སྣ་345ཡོད་པ་རེད།

    ཕྱོགས་ཡོངས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ཅིང་། ལམ་དབང་གཏན་འཁེལ་གྱི་ལས་དོན་ཧུར་ཐག་སྤེལ་བ་དང་། སྐྲུན་བཞིན་པའི་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར(ས་ཁུལ)ཁག་གིས་རང་འགུལ་ངང་རྒྱལ་ཁབ་ས་ཆ་སོགས་འབྲེལ་ཡོད་སྡེ་ཚན་དང་སྤེལ་རེས་དང་མཐུན་སྦྱོར་བྱས་ནས་གྲོང་གསེབ་གཞུང་ལམ་གྱི་དབང་ཆའི་དཔྱད་གཞི་དུས་ཐོག་ཏུ་འཐུས་ཚང་དུ་བཏང་སྟེ་ས་ཆ་བེད་སྤྱོད་ལག་ཁྱེར་སོགས་ཀྱི་དབང་ཆ་གཏན་འཁེལ་གྱི་འགྲོ་ལུགས་ཡག་པོ་གཉེར་ཡོད། འགྲོ་ལམ་འགྲིམ་འགྲུལ་དང་རྣམ་གྲངས་བདེ་འཇགས་ཀྱི་ཐོན་སྐྱེད་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་ནས“ཚད་བཀག་གཉིས་དང་ཉེན་རྟོག་པ་གཅིག”གི་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱེད་པ་དང“དུས་བདེའི་འགྲིམ་འགྲུལ”གཏོད་པར་སྐུལ་འདེད་ཧུར་ཐག་བཏང་ནས“ལོག་སེལ་དང་སྒྲིག་འགལ་བཅོས་སྒྲིག”དང“དུས་བདེའི་ལས་ཡུལ”སོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ཡོད།

    ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་བརྟན་སྲུང་བྱས་ཤིང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ཡིན་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་རྣམ་གྲངས་ཀྱི“དུས་མཚུངས་གསུམ”གྱི་ལམ་ལུགས་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།