[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་མིའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་བྱེད།

    —— ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་ཐང་སྟེང་གྲོང་ཚོ་ཏང་ཀྲི་པུའུ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    “གྲོང་མི་རྣམས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་བྱས་ནས་འབྱོར་འབྲིང་ལམ་དུ་གོམ་ཞེང་ཆེན་པོས་སྐྱོད་དགོས”ཐང་སྟེང་གྲོང་ཚོའི་ཏང་ཀྲི་པུའུ་སྐབས་རིམ་བྱུང་གིས་ཁས་དེ་ལྟར་བླངས་ཤིང་ལག་ལེན་དུ་དེ་ལྟར་བསྟར་ཡོད།

    གྲོང་མིའི་འཚོ་བའི་གནད་དོན་ཐག་གཅོད་བྱ་ཆེད། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟླ་བ་ཕུན་ཚོགས་དང་གྲོང་ཚོའི་ཏང་ཡོན་ཡོངས་ཀྱིས་གྲོང་ཚོའི་འཕེལ་རྒྱས་ཀྱི་དོན་དངོས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། གྲོང་ཚོའི་ས་ཞིང་མུའུ་381ལ་ཕྱོགས་བསྡུས་བེད་སྤྱོད་དང་འཆར་འགོད་བྱས་ཏེ་ས་ཞིང་གི་ཐོན་ཁུངས་རྩ་ཆེན་གྱི་རིན་ཐང་འཕར་བར་བྱས་ཡོད། 2006ལོར་ཐང་སྟེང་གྲོང་ཚོས་ཉིང་ཁྲི་གྲོང་ཁྱེར་ནས་ཆེས་ཐོག་མར་ཞིང་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་སྟེ། འཁྱགས་མཚོ་ཞིང་ཞོར་ཐོན་ཟོག་ཕྱོགས་བསྡུས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས། དེ་རྗེས་པད་ཁ་ལས་སྣོན་བཟོ་གྲྭ་དང་བོད་བྱ་གསོ་སྤེལ་རྟེན་གཞི། སྣོད་བཅུད་ཡུལ་སྐོར་གླིང་ཁུལ་སོགས་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་གནད་སར་འཁྱོལ་ནས། “ཀྲི་པུའུ་དང་། མཐུན་ཚོགས། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་ཕན་འབྲས་རགས་ཙམ་མངོན་པ་དང་། 2014ལོར་ཐང་སྟེང་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་དེ་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་དུ་བདམས་པ་རེད། ཟླ་བ་ཕུན་ཚོགས་ཀྱིས། འདི་ནི་ཐང་སྟེང་གྲོང་ཚོའི་ལེགས་ཆ་ཆེན་པོ་ཞིག་ཡིན་པས་སླད་ཕྱིན་མཉམ་ལས་ཁང་ལ་ཕྱོགས་སྒྱུར་རིམ་སྤོར་བྱས་ཏེ། ས་མཐོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཟོག་གི་དྲ་ཐོག་ཚོང་དོན་དྲ་ཚུགས་བཙུགས་ནས་དྲ་ཐོག་ཚོང་དོན་ལས་བོད་ཁྱིམ་གྱི་ནས་དང་། སྤུ་ཕྲུག བོད་ཇ་བཅས་བཙོང་རྒྱུ་ཡིན་ཞེས་བརྗོད།

    ད་ཆ་གྲོང་ཚོར་འཕོ་འགྱུར་ཆེན་པོ་བྱུང་བ་ནི། 2011ལོར་ཐང་སྟེང་གྲོང་ཚོ་ཉིད་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་ལོན་པའི་གྲོང་ཚོའི་གྲས་སུ་གྱུར་པ་དང་། 2012ལོར་བོད་ཀྱི“དྲ་རྒྱའི་གྲོང་ཚོ་དང་པོར”གྱུར་པ། 2013ལོར་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་བསྐྲུན་པ། 2018ལོར་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་18000ལས་བརྒལ་བ་བཅས་བྱུང་སྟེ་ཐག་ཉེ་རིང་ཀུན་ཏུ་སྐད་གྲགས་ཆོད་པའི་འབྱོར་འབྲིང་གྲོང་ཚོར་གྱུར།

    དཔལ་འབྱོར་གོང་འཕེལ་གཏོང་བ་དང་དུས་མཚུངས། ཐང་སྟེང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས“སྐར་ལྔའི་ཏང་ཡོན་དང་སྐར་བཅུའི་ཞིང་དུད”གཏོད་འདེམས་བྱེད་སྒོ་གསར་གཏོད་བྱས་ཏེ། ཏང་ཡོན་མང་ཚོགས་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་དང་གྲོང་གསེབ་གསར་པའི་འཛུགས་སྐྲུན་ནང་ཞུགས་པའི་བརྩོན་སེམས་སྔར་བས་སྐོང་འཐེན་བྱས་ཤིང་། ད་ཆ“སྐར་ལྔའི་ཏང་ཡོན་དང་སྐར་བཅུའི་ཞིང་དུད”གཏོད་འདེམས་བྱེད་སྒོ་ལས་ཐང་སྟེང་གྲོང་ཚོར་གྲུབ་འབྲས་བཟང་པོ་ཐོབ་པ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་197ལ་ཁྱབ་གདལ་བཏང་བ་རེད།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་ནི་ང་ཚོ་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཡིན། སླད་ཕྱིན་ང་ཚོས་སྔར་བས་གྲུབ་ཆ་ལེགས་སྒྱུར་དང་། ལེགས་ཆ་འདོན་པ། གྲོང་མིའི་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཙུགས་ན། ཐང་སྟེང་གྲོང་ཚོའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན”ཞེས་ཟླ་བ་ཕུན་ཚོགས་ཀྱིས་ཐང་སྟེང་གྲོང་ཚོའི་མ་འོངས་པའི་ཐད་ཡིད་ཆེས་ཆེན་པོས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།