[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • “འབྲོག་ལས”ཡག་པོ་གཉེར་ནས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད།

    —— ལྷ་ས་གྲོང་ཁྱེར་གྱིས་རྩྭ་འདེབས་འབྲོག་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པའི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-27

    ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་གཟན་རྩྭ་འདེབས་རྒྱུ་ལས་རིགས་སུ་བརྩི་བ་དང་། གཟན་རྩྭར་བརྟེན་ནས་ཕྱུགས་རིགས་གསོ་བའི་རྩྭ་འདེབས་འབྲོག་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ལྷུན་གྲུབ་རྫོང་ལྟེ་བར་བྱས་པའི་རྩྭ་འདེབས་ལས་རིགས་འཕེལ་རྒྱས་ཀྱི་རྟེན་གཞི་དང་འདམ་གཞུང་རྫོང་ལྟེ་བར་བྱས་པའི་འབྲི་གཡག་རྒྱགས་གསོ་རྟེན་གཞིའི་གཟན་རྩྭ་དང་ཕྱུགས་རིགས་གཞི་གཅིག་ཅན་འཕེལ་རིམ་ནང་ས་ཁོངས་དོ་སྙོམས་མེད་པའི་ངང་འཕེལ་རྒྱས་འགྲོ་བའི་ཞན་ཆ་གསབ་སྟེ་སྣོད་བཅུད་སྲུང་སྐྱོང་དང་རྩྭ་འདེབས་འབྲོག་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གཏོད་ཆེད་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད་པ་རེད།

    འབྲི་གཡག་ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་མེད་པ།

    འདམ་གཞུང་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་རྐྱང་པའི་རྫོང་འབའ་ཞིག་ཡིན་པ་དང་། “ཐོབ་ཐང་ལག་ཁྱེར”ལྡན་པའི་ཚགས་ཤ་ནི་འདམ་གཞུང་འབྲོག་ལས་ཀྱི་སྤུས་རྟགས་གཙོ་བོ་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་ཁྲོམ་རར་ཐོག་འདམ་གཞུང་རྫོང་གི“ཐོབ་ཐང་ལག་ཁྱེར”ལྡན་པའི་ཚགས་ཤའི་སྤུས་ཚད་མཐོ་ལ་སྤྱིར་བཏང་གི་ཚགས་ཤ་རྒྱ་མ་རེའི་གོང་ཚད་ལས་སྒོར་5ཙམ་མཐོ་བ་ཡོད་པ་རེད།

    ཡིན་ནའང་ཐོན་ལས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་ཞན་ཆ་མཉམ་དུ་གནས་ཡོད། ལྷ་ས་ཙམ་མ་ཟད། ཐ་ན་བོད་ལྗོངས་ཡོངས་སུ་འབྲོག་པས་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་རྒྱུན་འཛིན་བྱས་ནས་ཕྱུགས་རིགས་རྣམས་གཏན་འཇགས་རྒྱུ་ནོར་ལ་བརྩིས་ཏེ་བཤས་གཏོང་དང་འཚོང་རྒྱུར་འཛེམས་ཤིང་། “འབྲོག་པ་ཁྱིམ་ཚང་འགའ་རེའི་འཚོ་བའི་ཆ་རྐྱེན་ཧ་ཅང་ཐབ་ཆག་ཡིན་རུང་འབྲི་གཡག་མགོ་གྲངས་བརྒྱ་ཙམ་གསོས་ཡོད་པས་རྒྱུ་ནོར་ཡོད་ཀྱང་དངུལ་མེད”ཅེས་འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཝུན་ལིན་གྱིས་བརྗོད་པ་དང་། ཁོང་གིས“ད་དུང་མཐོ་གྲང་ཁུལ་གྱི་རང་བྱུང་རྩྭ་རའི་སྣོད་བཅུད་ཞན་པ་དང་རྩྭའི་ཐོན་ཚད་དམའ་བས་འབྲི་གཡག་སྐྱེ་འཚར་འགོར་བ་དང་གསོ་ཚགས་དུས་ཡུན་རིང་པོ་ཡོད་སྟབས་བཤས་གཏོང་ཚད་ལོ་ལྟར་15%ཙམ་ལས་ཟིན་གྱི་མེད། དེ་དང་དུས་མཚུངས་ལྷས་ར་སྟབས་བདེ་བ་དང་། ཁ་བ་བུ་ཡུག་གི་གནོད་འཚེ་འགོག་པའི་ནུས་པ་ཞན་སྟབས་ཕྱུགས་རིགས་ཤི་ཚད་མཐོ་པོ་ཡོད། འདམ་གཞུང་རྫོང་ཡོངས་སུ་ལག་ཡོད་འབྲི་གཡག་མགོ་གྲངས་ཁྲི་26ལས་མེད། ཁྲོམ་ར་ཡོད་ཀྱང་གཞི་ཁྱོན་མེད་པས་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པ་དང་འབྲེལ་ལེགས་ཆ་ལྡན་པའི་ཐོན་ཚད་ལེགས་ཆ་ལྡན་པའི་ཐོན་ལས་སུ་འགྱུར་ཐུབ་ཀྱི་མེད”ཅེས་བརྗོད། 

    གཞི་ཁྱོན་ལྡན་པའི་གསོ་ཚགས་ལ་འཇུར་མིག་གི་དཀའ་གནད་འཕྲད་པ།

    ཚད་ལྡན་ཅན་གྱི་གསོ་ཚགས་དང་གཟན་རྩྭར་བརྟེན་ནས་རྒྱགས་གསོ་བྱ་རྒྱུ་ནི་འབྲི་གཡག་བཤས་གཏོང་ཚད་མཐོ་རུ་གཏོང་བ་དང་ཐོན་ལས་གཞི་ཁྱོན་ཅན་གྱི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད། དེའི་ཐད་ལྗོངས་ཞིང་འབྲོག་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་འབྲོག་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་འཆར་གཞི(2016ལོ་ནས་2020ལོར་བར)》དང《བོད་རང་སྐྱོང་ལྗོངས་ཀྱི་འབྲི་གཡག་དུས་ཐུང་རྒྱགས་གསོའི་རྟེན་གཞིའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་འཆར་འགོད》བཟོས་ནས་འདམ་གཞུང་རྫོང་སོགས་རྫོང་7ལྗོངས་ཡོངས་ཀྱི་འབྲི་གཡག་དུས་ཐུང་རྒྱགས་གསོའི་དཔེ་སྟོན་ས་ཚིགས་སུ་གཏན་འཁེལ་བྱས་ཡོད་པ་རེད།

    གཞི་ཁྱོན་ལྡན་པའི་གསོ་ཚགས་དང་དུས་ཐུང་རྒྱགས་གསོ་ལས་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་མོད། འོན་ཀྱང་གཟན་རྩྭ་དཀོན་པའི་འཕེལ་རྒྱས་ཀྱི་དཀའ་གནད་འཕྲད་ཡོད། འདམ་གཞུང་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཟིན་པས་གཟན་རྩྭ་འདེབས་ཁྱོན་ཧ་ཅང་ཆུང་ཆུང་ཡིན་ཞིང་། “དུས་ཐུང་རྒྱཌ་གསོ་བྱེད་པར་འབྲི་གཡག་རེར་ཉིན་ལྟར་གཟན་རྩྭ་རྒྱ་མ་དྲུག་ནས་བརྒྱད་བར་སྟེར་དགོས་ཀྱི་ཡོད། ཟླ་བ་གསུམ་རྒྱུན་མཐུད་གཟན་རྩྭ་བསྟེར་ནས་གསོ་ཚགས་བྱས་ཚེ་གཞི་ནས་བཤས་གཏོང་ཐུབ་ཀྱི་ཡོད། བསྡོམས་རྩིས་ལ་རགས་ཙམ་གཞིཌ་ན། འདི་ལོ་དུས་ཐུང་རྒྱཌ་གསོར་གཟན་རྩྭ་མཁོ་ཚད་ཏུན་500ཡན་ཟིན་གྱི་ཡོད”ཅེས་ཝུན་ལིན་གྱིས་བརྗོད་པ་དང་། ཁོང་གིས་འདམ་གཞུང་རྫོང་གི་འབྲི་གཡག་ཐོན་ལས་ཀྱི་འཆར་འགོད་གཞིཌ་ན། འབྲི་གཡག་བཤས་གཏོང་ཚད་20%བར་མཐོ་རུ་བཏང་ཚེ་གཟན་རྩྭ་དཀོན་ཚད་ཏུན་ཁྲི་ཡན་ཟིན་རྒྱུ་རེད་ཅེས་བརྗོད་ཀྱི་འདུག

    འདེབས་གསོ་གསབ་རེས་བྱས་ནས་མཐུན་སྦྱོར་འཕེལ་རྒྱས་ཡོང་ཐབས་བྱས་པ།

    ལྷུན་གྲུབ་དང་འདམ་གཞུང་རྫོང་མཚོན་བྱེད་དུ་བྱེད་པའི“ས་ཁོངས་མཉམ་འགུལ་དང་ལྷོ་རྩྭ་བྱང་ཕྱུགས་ཀྱི”རྩྭ་འདེབས་དང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་གཟན་རྩྭ་དང་ཕྱུགས་རིགས་འདོན་སྤྲོད་དང་དགོས་མཁོ་དོ་སྙོམས་ཐུབ་པ་བྱུང་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ལྷུན་གྲུབ་རྫོང་གིས་འདམ་གཞུང་རྫོང་དང་མཉམ་དུ་གཟན་རྩྭ་མཁོ་ཚོང་མཉམ་གཉེར་གྱི་འབྲེལ་བ་བཙུགས་ནས་གཟན་རྩྭ་འགན་ལེན་གྱི་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། གྲོང་ཁྱེར་དང་རྫོང་གིས་ད་དུང་རོགས་སྐྱོར་སྲིད་ཇུས་བཏོན་ཡོད། ལྷ་ས་གྲོང་ཁྱེར་གྱིས་ས་གཙང་བདེ་ཐང་ཐོན་ལས་དཀར་ཆུ་འཕེལ་རྒྱས་ཀྱི་རོགས་སྐྱོར་ཁ་གསབ་སྲིད་ཇུས་བཏོན་ནས་གཞི་ཁྱོན་ལྡན་པའི་གཟན་རྩྭ་འདེབས་མཁན་ལ་ཁ་གསབ་རོགས་དངུལ་སྤྲད་པ་དང་འབྲེལ་གཟན་རྩྭ་འདེབས་རྒྱུའི་སྐུལ་འདེད་བཏང་ཡོད། འདམ་གཞུང་རྫོང་གིས་སྲིད་ཇུས་བཏོན་ནས་འབྲོག་པས་གཟན་རྩྭ་ཉོ་རྒྱུར་ཁ་གསབ་རོགས་དངུལ་སྤྲད་པས་རྩྭ་འདེབས་དང་འབྲོག་ལས་ཐད་གཟན་རྩྭ་འདེབས་པ་དང་ཕྱུགས་རིགས་གསོ་ཚགས་ལ་ཕན་འབྲས་བཟང་པོ་ཐོན་ཡོད་ལ་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད་པ་རེད།

    འདམ་གཞུང་གི་འབྲི་གཡག་དུས་ཐུང་རྒྱགས་གསོ་རྟེན་གཞིར་གཟན་རྩྭ་མཁོ་སྤྲོད་ཐུབ་པས་འབྲི་གཡག་བཤས་གཏོང་ཚད་མཐོ་རུ་ཕྱིན་ཡོད་ལ་རྒྱགས་གསོ་བྱས་པའི་འབྲི་གཡག་ལ་ཆ་སྙོམས་རྒྱ་མ་70ལྷག་ཙམ་འཕར་བ་དང་། ཆ་སྙོམས་འབྲི་གཡག་རེ་ནས་འབབ་འཕར་སྒོར་1200ལྷག་ཙམ་བྱུང་ཡོད། ཆོས་དགའ་ཁྱིམ་ཚང་འབྲོག་རའི་ལས་མི་སྐལ་གཡང་གིས“འདི་ལོ་གཟན་རྩྭ་ཏུན་12.5ཉོས་པས་འབྲི་གཡག་དགུན་དུས་ཀྱང་གསོ་ཚགས་ཡག་པོ་ཐུབ་སོང་། མ་གཞི་ཕྱི་ལོ་བཤས་གཏོང་རྩིས་ཡོད་པའི་འབྲི་གཡག་འདི་ལོ་བཤས་གཏོང་ཐུབ་སོང་། འབྲི་གཡག་རེ་ནས་འབབ་འཕར་སྒོར་1500ཙམ་བྱུང”ཞེས་གསར་འགོད་པར་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།