[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • “བོད་ཀྱི་འབྲུ་མཛོད”ཅེས་གྲགས་པའི་གཙང་ཁུལ་གྱིས“སྦྲང་ནོར་བུ་གསོ་བའི་བྱ་གཞག”འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-26

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ས་ཆ་མང་པོར་སྦྲང་ནོར་བུ་གསོ་བའི་ཐོན་ལས་དར་ནས་དཔལ་འབྱོར་གྱི་ཕན་འབྲས་ལ་སྐུལ་འདེད་ཐུབ་པ་དང་ཆབས་ཅིག་སྣོད་བཅུད་ཀྱི་ཕན་འབྲས་ཀྱང་ཐོན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། 2008ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་སྦྲང་ནོར་བུ་གསོ་བའི་དཔེ་སྟོན་རྟེན་གཞི་འཛུགས་འགོ་བརྩམས་པའི་ནང་། རྒྱལ་རྩེ་རྫོང་དང་། རིན་སྤུངས་རྫོང་། རྣམ་གླིང་རྫོང་བཅས་ཚང་མར་སྦྲང་ནོར་བུ་གསོ་བའི་མཉམ་ལས་ཁང་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིབ་འཇུག་པ་ཝང་ཝུན་ཧྥེང་གིས་གཞིས་རྩེར་སྦྲང་ནོར་བུ་གསོ་བར་ས་བབ་མཐོ་ཚད་སྨི་3800ནས་4100བར་ཡིན་པ་དེ་དང་འཚམ་པོ་ཡོད་པ་རེད། དེ་སྔ་སྦྲང་ནོར་བུ་གསོ་བའི་ལག་རྩལ་ཐད་དཀའ་ངལ་ངེས་ཅན་ཞིག་འཕྲད་མོད། ཡིན་ནའང་ས་བབ་མཐོ་བ་དང་མེ་ཏོག་བཞད་པའི་དུས་ཕྱི་བས་ལོ་ལྟར་སྦྲང་རྩི་འཐུ་བའི་དུས་ཚོད་ཀྱང་ནར་འགྱངས་བྱེད་ཀྱི་ཡོད་ཅེས་བརྗོད།

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རི་སྔོན་གྲོང་ཚོ་ནས་ཐོན་སྐྱེད་བྱས་པའི་སྦྲང་རྩི་དེ་ཁྲོམ་རའི་ཐོག་འདོན་ཚད་ལས་མཁོ་ཚད་ཆེ་བར་གྱུར་ཞིང་། གྲོང་ཚོ་དེའི་ཀྲི་པུའུ་ཧྲུའུ་ཅི་ཉི་མ་སྲི་ཆོད་ཀྱིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་སྦྲང་ནོར་བུ་གསོ་བའི་གཞི་ཁྱོན་ཆེ་རུ་གཏོང་རྩིས་ཡོད་པ་རེད།

    2013ལོར། རི་སྔོན་གྲོང་ཚོར་སྦྲང་ནོར་བུ་གསོ་བའི་མཉམ་ལས་ཁང་བཙུགས་པ་དང་། ཉི་མ་སྲི་ཆོད་ཀྱིས་རི་སྔོན་གྲོང་ཚོའི་ས་ཞིང་ཉུང་བའི་ཁར་ཞིང་ཁ་ཚང་མར་ནས་བཏབ་ནས་ཡོང་སྒོ“འགབ་མི་མཚུངས་པར”བརྟེན་ཡུལ་མི་ཚོ་རང་ཁྱིམ་གྱི་སྒོ་རྩ་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཆེད། ངས་གྲོང་ཚོའི་ཡུལ་མི་དབུལ་པོ་བཞི་ཚུད་པའི་མི་དྲུག་དང་མཉམ་དུ་སྦྲང་ནོར་བུ་གསོ་རྒྱུའི་ཚོད་ལྟ་བྱེད་འགོ་བརྩམས་པ་ཡིན་ཞེས་གསར་འགོད་པར་བཤད།

    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡིས་ལག་རྩལ་མཛུབ་ཁྲིད་འོག 2015ལོ་ནས་བཟུང་མཉམ་ལས་ཁང་ལ་ཁེ་སྤོགས་བྱུང་འགོ་ཚུགས་པ་དང་། 2017ལོར་ཡོང་འབབ་སྒོར་ཁྲི་70བར་བྱུང་ཡོད་ལ་མཉམ་ལས་ཁང་གི་ལས་མི་དབུལ་པོ་བཞི་འདི་ལོར་དབུལ་སྒྲོལ་བདེ་བླག་བྱུང་བ་མ་ཟད། མཉམ་ལས་ཁང་གིས་སྣེ་ཁྲིད་པ་བརྒྱུད་རི་སྔོན་གྲོང་ཚོའི་ཡུལ་མི་མི་རེ་ངོ་རེའི་ཆ་སྙོམས་ཡོང་འབབ་དེ་2012ལོའི་སྒོར་2800ནས་འདི་ལོའི་སྒོར་9000ཡན་བར་མང་དུ་སོང་ཡོད་པ་རེད།

    ཉི་མ་སྲི་ཆོད་ཀྱིས་འབྱུང་འགྱུར་མཉམ་ལས་ཁང་གིས་སྦྲང་རྩིའི་ངོ་འཁྲུའི་འདག་རྫས་དང་། ཟས་རིགས། བཏུང་བྱ་བཅས་བཟོས་ནས་སྦྲང་རྩིའི་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་རྩིས་ཡོད་ཅེས་བཤད།

    ཝང་ཝུན་ཧྥེང་སོགས་ཀྱིས་རི་སྔོན་གྲོང་ཚོར་ལག་རྩལ་ཐད་ནས་མཛུབ་ཁྲིད་བྱས་པ་མ་ཟད། ཡུལ་མིར་སྦྲང་ནོར་བུས་པད་ཁ་དང་བྲ་བོ་སོགས་ལོ་ཏོག་གི་སྤུས་ཚད་ཡག་ཏུ་དང་ཐོན་འབོར་མང་དུ་བཏང་ནས་ཉེ་འཁོར་གྱི་སྣོད་བཅུད་ཁོར་ཡུག་ལ་སྔར་བས་སྲུང་སྐྱོང་ཐུབ་རྒྱུ་ཡིན་ལུགས་ཡང་ཡང་བརྗོད་ཀྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།