[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།
  • ཞི་མཐུན་གྱི་བདེ་སྐྱིད་འཚོ་བ་ལྷག་པར་སྐྱིད།

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སིལ་མདའ་གྲོང་ཚོས་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་བཏོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-20

    རླངས་འཁོར་བཏང་སྟེ་ཆབ་མདོ་གྲོང་ཁྱེར་ནས་རྡོག་ཐོན་གྱིས་བཀྲ་ཆུ་བརྒྱུད་བྱང་ཕྱོགས་སུ་སྐར་མ་20ཙམ་བསྐྱོད་རྗེས་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་སིལ་མདའ་གྲོང་ཚོར་འབྱོར་གྱི་ཡོད།

    ཉེ་བའི་ལོས་ཤས་རིང་། སིལ་མདའ་གྲོང་ཚོས་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་བཏོད་པའི་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ། གྲོང་སྲོལ་ཤེས་དཔལ་དང་། ཐོན་ལས་ཕྱུག་འགྱུར། སྡོད་མལ་ཁོར་ཡུག་བཅས་འཛུགས་སྐྲུན་ལ་དམ་འཛིན་ལྷོད་མེད་བྱས་པས་གྲོང་མི་ཚོར་དེ་བས་ཐོབ་ཚོར་ལྡན་པ་དང་། ཤེས་དཔལ་གྲོང་སྲོལ་ལས་ཞིང་གྲོང་དེ་བས་མཛེས་སུ་དང་མང་ཚོགས་དེ་བས་ཕྱུག་ཏུ་སོང་སྟེ། གྲོང་མི་ཚང་མའི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

    “གྲོང་ཚོའི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ནས་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་བཏོད་པའི་ནང་ཞུགས་པ་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་དང་ཆབས་ཅིག མང་ཚོགས་ཀྱིས་ཤེས་དཔལ་ལ་སྣང་ཆེན་དང་སྲོལ་གསར་བཏོད་རྒྱུར་ཁྲིད་སྟོན་བྱས་ཡོད”ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་འགོ་ཚུགས་པ་ནས་བཟུང་། སིལ་མདའ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དམངས་སྲོལ་ལ་ཁྲིད་སྟོན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད་པ་རེད།

    “གྲོང་ཚོ་འཕེལ་རྒྱས་ཡག་པོ་གཏོང་དགོས་ན་ངེས་པར་དུ་ཡར་ཐོན་དང་ཁོར་ཡུག་ལེགས་པོ་ཞིག་དགོས”ཞེས་སིལ་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་བསོད་ནམས་གྲགས་པས་བཤད།

    དུས་རབས་21གི་དུས་འགོར་སིལ་མདའ་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་རེད། 2001ལོར་གྲོང་ཚོ་དེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་1524.82ལས་མེད་པས་ཁྲེང་ཀོན་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་9ཡི་ནང་གི་ཡོང་འབབ་དམའ་ཤོས་ཀྱི་གྲོང་ཚོ་དེ་ཡིན་པ་རེད།

    ད་ཆ་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་། སྐྱེལ་འདྲེན་རུ་ཁག དེ་བཞིན་བོད་ཁྱིམ་སྤྲོ་སྐྱིད་ཁང་བཅས་གསུམ་ལ་བརྟེན་ནས་2016ལོར་གྲོང་ཚོ་ཧྲིལ་པོར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་200བྱུང་ཡོད་པ་རེད།

    ལོ་40ལྷག་ཙམ་ལ་སླེབས་པའི་བསོད་ནམས་རྒྱལ་མཚན་གྱིས“2015ལོར་ཁང་པ་གསར་པར་སྤོས་པ་དང་ཐོག་སོ་གཉིས་ལྡན་གྱི་ཁང་པར་ཁྱིམ་སྤྱོད་གློག་ཆས་ཆ་ཚང་ཡོད། འདི་ལོའི་ལོ་འགོར་རླངས་འཁོར་ཆེན་པོ་ཞིག་ཉོས་པ་ཡིན། གྲོང་ཁྱེར་ནང་གི་ཁྱིམ་ཚང་ལ་ཡོད་པ་ཚང་མ་ང་ཚོར་ཡོད། གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་ཏུ་ལོ་ཤས་ལས་ཀ་བྱས་པས་ང་ཚོའི་འཚོ་བ་ཡག་ཏུ་ཕྱིན་སོང”ཞེས་དགའ་ཚོར་ཆེན་པོས་བཤད།

    ཉེ་བའི་ལོ་ཤས་རིང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་མང་ཚོགས་ཕྱུག་འགྱུར་སྣེ་ཁྲིད་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་གྲོང་ཚོའི་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག“ངལ་ནུས་ཕྱིར་གཏོང་གཙོ་གནད་དུ་བྱེད་པ་དང་ཞིང་འབྲོག་ལས་ཐོན་སྐྱེད་ཀྱིས་གཞོགས་འདེགས་བྱེད་པའི”གྲོང་ཚོ་རིམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་བཟོས་ཡོད་པ་རེད།

    2007ལོར་བསོད་ནམས་གྲགས་པས་སིལ་མདའ་གྲོང་ཚོའི་ན་གཞོན་སྒྲིག་འཛུགས་བྱས་ནས་ཞིང་འབྲོག་པའི་ཨར་ལས་རུ་ཁག་གཅིག་བཙུགས་པ་དང་ཁོ་ཚོར་སྣེ་ཁྲིད་ཀྱིས་གཅིག་སྡུད་ཐོག་འགན་གཙང་ལེན་པའི་རྣམ་པའི་ཐོག་ནས་གཞུང་ལམ་འཛུགས་སྐྲུན་སོགས་འཛུགས་སྐྲུན་ཨར་ལས་རྣམ་གྲངས་གཉེར་འགན་འཁུར་བ་རེད། 2014ལོ་ནས་བཟུང་། ཁོང་གིས་ལོ་ལྟར་མི་སྣ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་ནང་ལག་རྩལ་གསོ་སྦྱོང་བྱེད་པར་བཏང་བས་ད་ཆ་ཨར་ལས་རུ་ཁག་གི་མི་ཕྱེད་ཀ་ཡན་ལ་འོས་ཐོབ་ལག་ཁྱེར་རག་ཡོད་པ་རེད།

    ད་ཆའི་སིལ་མདའ་གྲོང་ཚོར་མི་ཚང་མ་ཁོར་ཡུག་སྲུང་སྐྱོང་བ་ཡིན་པ་དང་། མི་ཚང་མས“བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”གཏོད་པ་དང་སྲུང་སྐྱོང་བྱ་རྒྱུར་བརྩོན་ལེན་བྱེད་ཀྱི་ཡོད།

    གྲོང་ཚོའི་འགྱུར་ལྡོག་དེ་ཁོ་ན་ཙམ་མ་ཡིན་པར་2015ལོའི་ལོ་མཇུག་བར་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་72ཀྱི་མི་328ཚང་མ་བདེ་འཇགས་དང་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་སྤོས་པ་དང་། འཐུང་ཆུའི་བདེ་འཇགས་ལས་གྲྭ་ལག་བསྟར་བྱས་རྗེས་ཆུ་ཤར་གཏོང་ཐུབ་ཚད་100%ཟིན་ནས། གྲོང་མི་ཚང་མར་བདེ་འཇགས་དང་གཙང་སྦྲ་ལྡན་པའི་རང་འབབ་ཆུ་ཀ་ལ་སྤྱོད་རྒྱུ་བྱུང་ཞིང་། རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ་གྲོང་ཚོ་ཧྲིལ་པོར་ལམ་དང་། གློག འཕྲིན་གཏོང་། རླུང་འཕྲིན་དང་བརྙན་འཕྲིན་བཅས་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། གྲོང་ཚོ་ཡོངས་སུ་སྐུད་མེད་དྲ་བ་ཁྱབ་ཚད་70%ཙམ་ཟིན་པ། གྲོང་ཚོ་རིམ་པའི་སྨན་བཅོས་འཕྲོད་བསྟེན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་སྟེ། ནད་གཞི་ཆུང་གྲས་སྨན་བཅོས་ཐུབ་པ་དང་ནད་ཆེན་དང་ནད་གཞི་ཚབས་ཆེན་དུས་ཐོག་ཏུ་སྨན་ཁང་ཆེ་མོར་སྨན་བཅོས་བྱེད་པར་སྐྱེལ་ཐུབ་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།