[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>བོད་དང་མེས་རྒྱལ་དབར་གྱི་འབྲེལ་བ།
  • བོད་མི་རྒན་དར་གཞོན་གསུམ་ཚང་མས་དཔའ་ངར་ཆེར་སྐྱེད་ངང་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོང་ནང་ཞུགས་པ།

    —— བོད་རིགས་མི་དམངས་ཀྱིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཕྱིར་ལེགས་སྐྱེས་ཆེན་པོ་ཕུལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-29

    འགོ་ཚུགས་གཏམ།

    འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་རེད། ལོ་རྒྱུས་བློ་ལ་ངེས་པ་དང་འབྱུང་འགྱུར་གཏོད་ཆེད་དེ་རིང་ནས་བཟུང“རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ”ཞེས་པའི་ཆེད་བསྒྲིགས་ལེ་ཚན་བཏོན་ནས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཕྱིར་བོད་རིགས་མི་དམངས་ཀྱིས་ལེགས་སྐྱེས་ཆེན་པོ་ཕུལ་ལུགས་མངོན་པར་བྱ་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

    ཉལ་ཐའི་དམག་འཁྲུག་ནས་བདུན་པའི་ཚེས་བདུན་གྱི་དུས་འགྱུར་བར་གྱི་ལོ་བརྒྱ་ཙམ་གྱི་དུས་ཚོད་ནང་ཀྲུང་ཧྭ་མི་རིགས་ཀྱིས་གཞན་གྱི་བརྙས་བཅོས་ཚད་མེད་མྱངས་ཡོད། ཡིན་ནའང་ཉེ་བའི་ལོ་བརྒྱ་ཙམ་རིང་ང་ཚོས་སྔ་བར་ཕྱི་གསུམ་དུ་བཙན་དབང་རྒྱལ་ཁབ་ལ་འགོག་རྒོལ་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སློང་ཐུབ་མེད། རི་འགོག་དམག་འཁྲུག་ལངས་པ་དེས་ཉེ་བའི་ལོ་རྒྱུས་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཕྱོགས་ཡོངས་ནས་སྐུལ་སློང་ཐུབ་ཡོད། “ཡུལ་ཁམས་ལྷོ་ནུབ་མི་དབྱེ་བ་དང་མི་རྒན་དར་གཞོན་གསུམ་དུ་མི་དབྱེ་བར་ཚང་མར་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད”ཅེས“འཛམ་གླིང་གི་སྣེ་གསུམ་པར”འཚོ་སྡོད་བྱེད་མཁན་བོད་རིགས་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་དགྲ་ལ་མཉམ་སྡང་གིས་དཔའ་ངར་ཆེན་པོས་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་ཡོད།

    རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་གོར་བཙན་འཛུལ་གྱི་དམག་འཁྲུག་བསླངས་པས་ཀྲུང་ཧྭ་མི་རིགས་ཆེས་ཉེན་ཁའི་མཚམས་སུ་གྱར། སྐབས་དེ་དུས་ཀྲུང་གོ་ཧྲིལ་པོ་དབུལ་ཞིང་ཕོངས་པ་ཞིག་ཡོད་ལ་བོད་རིགས་མི་དམངས་འཚོ་སྡོད་བྱ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་ཀྱང་རྗེས་ལུས་ཆེན་པོ་ཐེབས་ཡོད། དེ་ལྟར་ཡིན་རུང་བོད་རིགས་མི་དམངས་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཕྱིར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད།

    དམར་དམག་འགེབས་སྲུང་བྱས་ནས་རི་འགོག་གི་མེ་སོན་ལེགས་པར་བསྲུངས་པ།

    “སྐོར་བཅོམ”ལ་ཕར་རྒོལ་ཐེངས་ལྔ་པ་བྱས་པར་ཕམ་ཉེས་བྱུང་རྗེས་དམར་དམག་རྒྱང་སྐྱོད་མི་བྱེད་ཀ་མེད་བྱུང་ཞིང་། སི་ཁྲོན་དང་ཤིས་ཁམས་བོད་རིགས་ས་ཁུལ་བརྒྱུད་ནས་སྐྱོད་སྐབས་དམར་དམག་ལ་བོད་རིགས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་ཐོབ་ཡོད།

    བེ་རི་དགོན་པའི་དགེ་སྟག་སྤྲུལ་སྐུས་གཙོ་བོ་གནང་བའི་བོད་རིགས་མི་དམངས་ཀྱིས་དམར་དམག་གི་རི་འགོག་དྲིལ་བསྒྲགས་ཐོས་པ་དང་སྒྲིག་ཁྲིམས་ནན་པའི་དམར་དམག་མཐོང་རྗེས་དམར་དམག་ནི་བོད་རིགས་མི་དམངས་ཀྱི་གཉེན་ཉེ་དང་དབུལ་ཕོངས་མི་སེར་ཚོའི་མགོན་སྐྱབས་དང་རེ་བ་ཡིན་པ་གསལ་པོ་ཤེས་པས་ནུས་ཤུགས་ཡོད་རྒུས་དམར་དམག་ལ་རྒྱབ་སྐྱོར་བྱས་ཡོད། ཁོང་ཚོས་འབྲུ་རིགས་དང་པགས་རིགས་སོགས་འབོར་ཆེན་བསྡུ་ལེན་བྱས་ནས་དམར་དམག་གི་ཟས་གོས་དཀའ་གནད་སེལ་རོགས་བྱས་པ་དང་། ཁོང་ཚོས་སུར་པན་དང་ནས་ཆང་སོགས་སྟེར་ནས་དམར་དམག་ལ་གྲང་ངར་སེལ་རོགས་བྱས་པ། ཁོ་ཚོས་དམར་དམག་ལ་ལམ་འཁྲིད་པ་དང་སྐད་སྒྱུར་བ་བྱས་ཁར་གཞོན་ནུ་མང་པོ་ཞིག་གིས་ད་དུང་འཚང་ཁ་ཤིག་ཤིག་ངང་དམར་དམག་ནང་ཞུགས་ཏེ་གསར་བརྗེའི་འཐབ་རྩོད་ནང་ཞུགས་ཡོད་པ་རེད།

    1936ལོའི་ཟླ་5པར་བོད་རིགས་ལོ་རྒྱུས་ཐོག་གི་གསར་བརྗེའི་སྲིད་དབང་དང་པོ་སྟེ། “ཀྲུང་ཧྭ་སུའུ་ཝེ་ཨེ་བོད་པ་སྲིད་གཞུང”དཀར་མཛེས་རྫོང་དུ་གཟི་བརྗིད་ལྡན་པའི་ངང་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དང་། དགེ་སྟག་སྤྲུལ་སྐུ་རང་སྐྱོང་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བདམས་ཡོད། རང་སྐྱོང་སྲིད་གཞུང་གིས་བཏོན་པའི་སྲིད་སྐྱོང་རྩ་འཛིན་གྱི་དོན་ཚན་དང་པོ་ནི“བོད་རིགས་ས་ཁུལ་གྱི་གོ་མིན་ཏང་དང་ཅང་ཅེ་ཧྲེའི་སྒྲིག་གཞི་མེད་པར་བཟོས་ནས་དབྱིན་ཇི་དང་རི་པིན་བཙན་རྒྱལ་རིང་ལུགས་མགོ་རྟིང་སློག་དགོས”ཞེས་པ་དེ་ཡིན་པས་རི་འགོག་གི་འདོད་ཚུལ་གསལ་པོ་བཏོན་ཡོད།

    དམར་དམག་གི་དཔུང་སྡེ་གཙོ་བོ་གསུམ་སྔ་རྗེས་སུ་བྱང་རྒྱུད་དུ་བསྐྱོད་རྗེས་གོ་མིན་ཏང་སྲིད་གཞུང་དང་ཞིང་ཆེན་ཁག་གི་དམག་ཤེད་ཅན་དང་ས་གནས་ཀྱི་ལོག་སྤྱོད་སེར་སྐྱའི་གོང་རིམ་གྱི་དྲག་གནོན་དང་དམར་གསོད་མདུན་དུ་བོད་རིགས་མི་དམངས་ཀྱིས་ཕྱིར་བཤོལ་གཏན་ནས་བྱས་མེད་ལ་ཁོ་ཚོས་དཀར་པོའི་འཇིགས་སྐུལ་དང་མནར་གཅོད་ལ་མ་བལྟོས་པར་ཐབས་བརྒྱ་ཇུས་སྟོང་ངང་དམར་དམག་གི་རང་འཇོག་མི་སྣ་དང་རྨས་མ་འགེབས་སྲུང་ལེགས་པར་བྱས་ཡོད།

    དམར་དམག་རྒྱང་སྐྱོད་ཀྱི་བརྒྱུད་རིམ་ནང་བོད་རིགས་མི་དམངས་ཀྱིས་མེས་རྒྱལ་གྱི་གསར་བརྗེའི་བྱ་གཞག་ལ་ཁྲག་དྲོན་དང་ཚེ་སྲོག་སྐྱེས་སུ་ཕུལ་བ་མ་ཟད། ལེགས་སྐྱེས་ཀྱང་ཧ་ཅང་ཆེན་པོ་ཕུལ་ཡོད།

    རི་འགོག་གི་གློག་འཕྲིན་བཏང་བ་དང་དངོས་ཟོག་སྐྱེལ་འདྲེན་གྱི་ལམ་བུ་བཏོད་པ།

    “དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར”ཐོན་རྗེས་ཀྱི་1931ལོའི་ཟླ་10ཚེས་7ཉིན་པེ་ཅིང་དུ་བཅའ་སྡོད་བཀའ་ཤག་ས་གནས་སྲིད་གཞུང་གི་འཐུས་མི་དགའ་ལྡན་བྱིན་ཆགས་གླིང་གི་མཁན་པོ་དཀོན་མཆོག་དྲུང་ཉིད་དང་ཝུའུ་མིང་ཡོན་དང་། པེ་ཅིང་དུ་བཅའ་སྡོད་པཎ་ཆེན་མཁན་པོ་ཁང་དོན་གཅོད་ཁྲུའི་ཁྲུའུ་ཀྲང་བློ་བཟང་རྒྱལ་མཚན་སོགས་ཀྱིས་སྐུལ་སློང་བྱས་ནས“པེ་ཅིང་དུ་བཅའ་སྡོད་ཁམས་བོད་ཕ་ཡུལ་གཅིག་པའི་རི་འགོག་རྒྱལ་སྐྱོབ་ཚོགས་པ”བཙུགས་ནས《རྒྱལ་ཁབ་འཇིག་ཉེན་ལས་སྒྲོག་བའི་ཆེད་ཁམས་བོད་བོད་རིགས་སྤུན་ཟླར་སྤྲིངས་པའི་ཡི་གེ》འགྲེམས་སྤེལ་བྱས་པ་དང “པེ་ཅིང་དུ་བཅའ་སྡོད་ཁམས་བོད་ཕ་ཡུལ་གཅིག་པའི་རི་འགོག་རྒྱལ་སྐྱོབ་ཚོགས་པའི”བསྒྲགས་གཏམ་སོགས་སྤེལ་ཡོད།

    ཟླ་10པའི་ཚེས་10ཉིན་ཁོང་ཚོས་སླར་ཡང《རྒྱལ་ཡོངས་ཀྱི་སྤུན་ཟླར་སྤྲིངས་པའི་ཡི་གེ》འགྲེམས་སྤེལ་བྱས་པ་དང་དེའི་ནང“བདེན་དོན་གྱི་ཆེད་དུ་སྲོག་ཤོར་ཀྱང་གནོང་འགྱོད་མེད། རི་འགོག་རྒྱལ་སྐྱོབ་ཚོགས་པ་འཛུགས་རྒྱུར་གཞོལ་ནས་རང་རྒྱལ་གྱི་སྤུན་ཟླ་ཚོ་དང་མཉམ་དུ་འཐབ་ཕྱོགས་གཅིག་པ་བཙུགས་ཏེ་མེས་རྒྱལ་ཆེད་དུ་ཚེ་སྲོག་སྐྱེས་སུ་འབུལ་དགོས”ཞེས་བྲིས་ཡོད།

    དེ་དང་དུས་གཅིག་ཏུ་བོད་ཀྱི་སྤྲུལ་སྐུས་ཀྱང《སོག་བོད་མི་སྣར་སྤྲིངས་པའི་ཡི་གེ》འགྲེམས་སྤེལ་བྱེད་པ་དང་ཀན་སུའུ་ནང་བསྟན་མཐུན་ཚོགས་ཀྱིས་གློག་འཕྲིན་བཏང་ནས་རི་པིན་གྱི་དམག་མིའི་སྲེག་གསོད་འཕྲོག་གསུམ་དང་དངུལ་བུན་ལ་གཏོར་བཤིག་བཏང་བའི་སྡིག་ཉེས་དམར་རྗེན་དུ་བཏོན་ཡོད།

    ནུབ་ལྷ་ཧོ་ཐོག་ཐུ་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་སྤྲུལ་སྐུ་གྲགས་ཅན་ཞིག་ཡིན་ཞིང་། “དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར”རྗེས་སུ་ཁོང་གིས་པེ་ཅིང་དུ་ཡོད་པའི་བོད་རིགས་སྤུན་ཟླ་དང་མཉམ་དུ་པེ་ཅིང་དུ་བཅའ་སྡོད་ཁམས་བོད་མི་སྣའི་རི་འགོག་རྔམ་སྟོན་ཆེ་མོ་སྒྲིག་འཛུགས་བྱས་པ་དང་སྦྲགས་གློག་འཕྲིན་བཏང་ནས་རི་པིན་བཙན་འཛུལ་དམག་གི་གཏུམ་སྤྱོད་ལ་རྒོལ་གཏམ་བཏང་སྟེ་སྲིད་གཞུང་གིས་དམག་མི་བཏང་ནས་རི་འགོག་དམག་འཁྲུག་རྒྱག་དགོས་པའི་རེ་འབོད་བྱས་ཡོད།

    རི་འགོག་དམག་འཁྲུག་ཕྱོགས་ཡོངས་ནས་ལངས་རྗེས་རི་དམག་གིས་རང་རྒྱལ་གྱི་མཚོ་ཐོག་སྐྱེལ་འདྲེན་བཀག་པས་རྒྱབ་ཕྱོགས་སུ་དངོས་ཟོག་ཧ་ཅང་དཀོན་པར་གྱུར། སི་ཁྲོན་བོད་རིགས་མི་སྣ་སྤོམ་མདའ་སྟོབས་རྒྱལ་སོགས་ཀྱིས་རྒྱ་གར་ནས་བོད་བརྒྱུད་སི་ཁྲོན་དང་ཡུན་ནན་དུ་ཤར་བགྲོད་ཐུབ་པའི་ལམ་བུ་བཏོད་དེ་རྟ་དྲེལ་སྐྱེལ་འདྲེན་ཁོ་ནར་བརྟེན་པའི་སྐམ་ལམ་རྒྱལ་སྤྱིའི་འགྲིམ་འགྲུལ་ལམ་བུ་བཏོད་ཡོད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སུ་འཁོད་པར་གཞིགས་ན། རྒྱ་གར་ནས་ཚོང་ཟོག་འབོར་ཆེན་ཉོས་ཏེ་རི་འགོག་རྒྱབ་ཕྱོགས་ཁུལ་ཆེ་མོར་དབོར་འདྲེན་བྱས་པ་དང་རི་འགོག་དངོས་ཟོག་རིན་ཐང་ཨ་སྒོར་དུང་ཕྱུར་1.5རི་བ་སྐྱེལ་འདྲེན་བྱས་ཏེ་མྱུར་སྐྱོབ་དང་དམག་འཁྲུག་སྐབས་ཀྱི་རྒྱབ་ཕྱོགས་ཀྱི་དཔལ་འབྱོར་དར་རྒྱས་ཡོང་བའི་ཐད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད།

    སྤོམ་མདའ་སྟོབས་རྒྱལ་སོགས་ཀྱིས་དེ་སྔ་བསྐྱོད་མྱོང་བའི་སྐྱེལ་འདྲེན་ལམ་བུ་ནི་ལོ་རྒྱུས་ཐོག་སྐད་གྲགས་ལྡན་པའི“ཇ་རྟ་ཚོང་ལམ”ཞེས་པ་དེ་ཡིན།

    དངུལ་དང་དངོས་པོ་ཞལ་འདེབས་ཕུལ་ནས་འཐབ་ས་དང་པོར་རྒྱབ་སྐྱོར་བྱས་པ།

    རི་འགོག་དམག་འཁྲུག་ལངས་རྗེས་བོད་རིགས་མི་དམངས་ཀྱིས་མེས་རྒྱལ་ནང་སའི་རི་འགོག་དམག་འཁྲུག་ལ་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་པ་དང་ཁོང་ཚོས་གཅིག་རྗེས་གཉིས་མཐུད་ངང་བྱ་སྤྱོད་སྤེལ་ཏེ་རི་འགོག་གི་གཡུལ་ས་མདུན་མར་དངུལ་དང་དངོས་པོ་ཞལ་འདེབས་ཕུལ་ནས་འཚམས་འདྲི་ཞུ་ལུགས་མཚོན་པ་བྱས་ཡོད།

    1938ལོར་ཁམས་ཁུལ་གྱི་གྲགས་ཅན་ཆབ་སྲིད་བྱེད་སྒོ་མཁས་ཅན་སྐལ་བཟང་ཚེ་རིང་གིས་ཁྲུང་ཆིང་དུ་ཡོད་པའི་ཁམས་བོད་མི་སྣ་ཆིང་རང་ཧོ་ཐོག་ཐུ་དང་ལིའུ་མན་ཆིང་སོགས་མི་སྣ་དང་མཉམ་དུ“དགྲ་བོར་འགོག་རྒོལ་བྱེད་པའི་ཁམས་བོད་དམངས་ཚོགས་ཀྱི་དྲིལ་བསྒྲགས་ཚོགས་པ”དང“གཡུལ་ས་མདུན་མའི་དཔོན་དམག་ལ་འཚམས་འདྲི་ཞུ་བའི་ཤིས་ཁམས་དམངས་ཚོགས་ཀྱི་འཐུས་མི་ཚོགས་པ”སྒྲིག་འཛུགས་བྱས་ཏེ་དམག་ཁུལ་ཁང་ཆེ་གྲས་ཁག་ཏུ་འཚམས་འདྲི་བྱེད་པར་བསྐྱོད་ཡོད། ཁོང་ཚོས་བོད་རིགས་ས་ཁུལ་ནས་ཞལ་འདེབས་བརྒྱབ་པའི་གསེར་དངུལ་རྒྱན་ཆ་དང་། དངུལ་ལོར། སྣམ་བུ་སོགས་རྒྱལ་ཁབ་ལ་ཞལ་འདེབས་ཕུལ་བ་དང་སྦྲགས་དམག་ཁུལ་ཆེ་གྲས་ཁག་གི་གཡུལ་ས་མདུན་མའི་དཔོན་དམག་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་ཡོད།

    རྗེས་སུ་སྐལ་བཟང་ཚེ་རིང་གིས་སླར་ཡང་ཁྲུང་ཆིང་དུ་ཀྲུའུ་ཞི་གཞོན་པ་ཀྲོའུ་ཨེན་ལའེ་ལ་གོས་དར་ཕུལ་བ་དང་མཇལ་དར་བསྒྲོན་ནས་གཡུལ་ས་མདུན་མར་དཔའ་ངར་ཆེར་སྐྱེད་ངང་དམར་འཛིང་བྱེད་བཞིན་པའི་དམག་སྡེ་བརྒྱད་པའི་དཔོན་དམག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་འཚམས་འདྲི་ཞུས་ཡོད། 1942ལོར་ཁོང་གིས་སླར་ཡང་མང་ཚོགས་དང་སློབ་མ་སྐུལ་སློང་བྱས་ནས་རང་གི་ཕ་ཡུལ་ཉ་བྱུང་སྟེང་དུ“རི་འགོག་དམག་འཁྲུག་གི་རྒྱལ་འཛུགས་དྲན་གསོའི་མཆོད་རྟེན”བསྐྲུན་ནས་གཡུལ་ས་མདུན་མའི་རི་འགོག་དམག་འཁྲུག་གི་དཔོན་དམག་ཚོའི་དཔའ་སེམས་འཕེལ་བར་བྱས་ཡོད།

    བོད་རིགས་མི་དམངས་ཀྱིས་རི་འགོག་དམག་འཁྲུག་གི་གཡུལ་ས་མདུན་མར་འཚམས་འདྲི་བྱས་པ་དེས་བསམ་པའི་ཐོག་ནས་འཐབ་ས་མདུན་མའི་དཔོན་དམག་ཚོའི་རི་འགོག་གི་སྤྲོ་སེམས་དང་རི་འགོག་གི་དཔའ་ངར་འཕེལ་རྒྱུར་སྐུལ་ལྕག་ཆེན་པོ་ཐེབས་ཡོད་ལ་ཁོང་ཚོས་རི་འགོག་དམག་འཁྲུག་ལ་ཕུལ་བའི་ཞལ་འདེབས་དག་གིས་ཀྱང་དངོས་པོའི་ཐོག་ནས་རི་འགོག་འཐབ་ས་མདུན་མར་རྒྱབ་སྐྱོར་ནུས་ལྡན་དེ་བས་ཐུབ་ཡོད། དེ་དག་ཚང་མ་འཐབ་ས་མདུན་མའི་དཔོན་དམག་གིས་དཔའ་ངར་ཆེན་པོས་དགྲ་བོ་གསོད་པ་དང་། མེས་རྒྱལ་གྱི་དྲིན་འཇལ་བ། རི་འགོག་དམག་འཁྲུག་གི་རྒྱལ་ཁ་བརྩོན་ལེན་བྱེད་པ་བཅས་ལ་ཕན་པ་ཐོབ་ཡོད།

    རི་འགོག་དམག་འཁྲུག་གི་དྲག་ཆས་དཔུང་ཁག་བཙུགས་ནས་དགྲ་བོ་དང་ཁྲག་བཏོན་དམར་འཛིང་མཐའ་གཅིག་ཏུ་བྱས་པ།

    རི་འགོག་དམག་འཁྲུག་ནང་། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་བོད་རིགས་མི་དམངས་ཀྱིས་གྲལ་རིམ་གྱི་གཉའ་གནོན་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་དེ་མི་རིགས་གཉའ་གནོན་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་དང་རང་རྟོགས་ངང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དམངས་ཁྲོད་ཀྱི་དྲག་ཆས་དཔུང་ཁག་མང་པོ་ཞིག་བཙུགས་པ་དང་ད་དུང་དབང་སྒྱུར་གྲལ་རིམ་དང་འཐབ་རྩོད་བྱེད་པ་ནས་རིམ་བཞིན་རི་འགོག་དམག་འཁྲུག་གི་ལམ་བུར་བསྐྱོད་ཡོད། དེའི་ནང་ཨ་ལགས་རྩིབ་མས་འགོ་ཁྲིད་གནང་བའི་ཀན་ལྷོ་ཞིང་པའི་འོས་ལངས་དམག་དེ་རི་འགོག་དམག་འཁྲུག་ལམ་བུར་བསྐྱོད་མཁན་དང་པོའི་གྲས་ཡིན།

    1943ལོའི་ཟླ་གཉིས་པར་ཨ་ལགས་རྩིབ་མས་ཀན་སུའུ་ལིང་ཤ་དང་ཅོ་ནེ་རྫོང་གཉིས་ཀྱི་བོད་རིགས་དང་། རྒྱ་རིགས། ཧོར་རིགས་སོགས་མི་རིགས་ཁག་གི་བུ་ཕྲུག་3000ཙམ་གྱི་སྣེ་ཁྲིད་དེ་དངོས་སུ་འོས་ལངས་བྱས་པ་དང་། ཁོང་སྐུ་ངོ་མ་མི་ཐམས་ཅད་ཀྱིས“ཅང་ཅེ་ཧྲེ་དང་རི་འགོག་དམག་འཁྲུག་ལ་རྒོལ་བའི་མི་རིགས་མཉམ་འབྲེལ་དམག་དཔུང”གི་སྤྱི་ཁྱབ་སི་ལིང་ཡོན་ལ་བདམས་ཡོད། ཐེའུ་ཆུ་གྲོང་བླངས་རྗེས་ཨ་ལགས་རྩིབ་མས་འོས་ལངས་དམག་གི་སྣེ་ཁྲིད་དེ་ཝང་ཀྲུང་ཅ་དང་མཉམ་དུ་འོས་ལངས་དམག་ཟླ་བསྒྲིལ་ནས་མཉམ་འབྲེལ་ཐོག“ནུབ་བྱང་མི་རིགས་ཁག་གི་རི་འགོག་བློས་བླངས་དམག”བཙུགས་ཤིང་། ཀྲང་དབྱིང་ཅེས་སྤྱི་ཁྱབ་སི་ལིང་ཡོན་གྱི་འགན་འཁུར་བ་དང་། ཨ་ལགས་རྩིབ་མ་དང་ཝང་ཀྲུང་ཅ་ཡིས་སྤྱི་ཁྱབ་སི་ལིང་ཡོན་གཞོན་པའི་འགན་འཁུར་བ་དང་སྦྲགས་ཨ་ལགས་རྩིབ་མས་ཐེའུ་ཆུ་ཁུལ་གྱི་བོད་དམག་གི་སི་ལིང་ཡོན་གྱི་འགན་གཅིག་ལྕོགས་ཁུར་ཡོད། ཅང་ཅེ་ཧྲེ་ཡིས་ཧུའུ་ཙུང་ནན་གྱི་དངོས་གཞིའི་དམག་དཔུང་7དང་། རྟ་དམག་ལུའེ་གཉིས། མ་པུའུ་ཕང་གི་ཐོན་གསུམ་བཅས་མྱུར་འཐེན་བྱས་ཏེ། ས་གནས་དེ་གའི་བཅའ་སྡོད་དམག་དཔུང་དང་མཉམ་དུ་འོས་ལངས་དམག་སྐོར་བཅོམ་བྱས་ཡོད། དགྲ་བོ་དང་རང་རེའི་བར་གྱི་སྟོབས་ཤུགས་གནམ་སའི་ཁྱད་པར་ཡོད་པའི་དབང་གིས་འོས་ལངས་ལ་ཕམ་ཉེས་བྱུང་བ་དང་ཨ་ལགས་རྩིབ་མ་དང་གཤམ་འོག་གི་དཔོན་དམག་ཁ་ཐོར་ནས་ཡིབ་ནས་སྡོད་དགོས་བྱུང་བ་དང་འབྲེལ་ཀྲུང་གོ་གུང་ཁྲན་ཏང་འཚོལ་ཐབས་བྱས་ནས་རི་འགོག་གི་ལམ་བུའི་ཐོག་དངོས་སུ་སྐྱོད་འགོ་ཚུགས་ཡོད།

    1936ལོར་མཚོ་སྔོན་དམག་ཤེད་ཅན་གྱིས་དམར་དམག་བཀག་འགོག་བྱས་པར་ཐུན་རིན་རྫོང་བོད་རིགས་མི་དམངས་ཀྱིས་ངོ་རྒོལ་བྱས་པས་བགོ་འགྲེམ་རྒྱག་པ་དང་ལས་ཀར་འགྲོ་རུ་མ་བཅུག་སྟབས་ཤང་གསུམ་གྱི་བོད་རིགས་སྤུན་ཟླ་འུ་ཐུག་ཐབས་ཟད་ངང་ཀན་ལྷོར་བྲོས་དགོས་བྱུང་ཡོད། 1938ལོར་བཅའ་སྡོད་དམག་དཔུང་གིས་ཁྲིམས་མེད་ལུགས་མེད་བྱས་སྟབས་མགོ་ལོག་བོད་རིགས་མི་དམངས་ཀྱིས་དཔལ་ཡུལ་དར་ཐང་མདོ་སྔགས་བཤད་སྒྲུབ་གླིང་གི་མཐའ་སྐོར་ནས་བཅའ་སྡོད་ཐོན་ཞིག་རྩ་མེད་དུ་བཏང་ཡོད། ཞིང་པའི་འོས་ལངས་དྲག་ཆས་དཔུང་ཁག་དེ་དག་ཚང་མ་ཨ་ལགས་རྩིབ་མས་སྣེ་ཁྲིད་པའི་ཀན་ལྷོའི་ཞིང་པའི་འོས་ལངས་དམག་དང་འདྲ་བར་དང་ཐོག་ཚང་མ་གྲལ་རིམ་གཉའ་གནོན་ལ་ངོ་རྒོལ་བྱེད་པ་ནས་ཕྱིས་སུ་རི་འགོག་གནས་བབ་ཀྱི་ཤུགས་རྐྱེན་དང་ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་འོག་ཚང་མ་རི་འགོག་བྱ་རྒྱུར་ཕྱོགས་ཡོད། དེ་དང་ཆབས་ཅིག་ཁག་གཅིག་ད་དུང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་མ་ཟད། ཐད་ཀར་རི་འགོག་དམག་འཁྲུག་གི་འཐབ་ས་མདུན་མར་བསྐྱོད་དེ་རི་པིན་བཙན་རྒྱལ་རིང་ལུགས་དང་ཁྲག་བཏོན་དམར་འཛིང་དྲག་པོ་བྱས་ཡོད།

    བོད་རིགས་མི་དམངས་ཀྱི་རི་འགོག་དམག་འཁྲུག་རྒྱག་པའི་སྐབས་ཀྱི་མཚོན་ཚུལ་ལ་ཕྱོགས་བསྡུས་ལྟ་ཞིབ་བྱེད་སྐབས་བོད་རིགས་མི་དམངས་ཀྱི་རིམ་གྲས་ཚང་མས་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་རི་འགོག་དམག་འཁྲུག་ནང་ཧུར་ཐག་ཞུགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རི་འགོག་དམག་འཁྲུག་ལ་སུབ་ཐབས་བྲལ་བའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད་ཆོག དེ་ནི་མི་སུས་ཀྱང་ཁས་མི་ལེན་དཀའ་མེད་ཀྱི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན་ལ་མི་སུས་ཀྱང་རྩིས་མེད་གཏོང་ཐབས་བྲལ་བའི་ལོ་རྒྱུས་ཀྱི་མཛད་རྗེས་ཤིག་ཀྱང་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།