[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>མི་དང་རང་བྱུང་ཁམས།
  • གནའ་ཉམས་དོད་པའི་ཐོན་མདའ་གྲོང་ཚོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཆུང་བདག    |    སྤེལ་དུས།   2017-02-11

    ཐོན་མདའ་གྲོང་ཚོ་ནི་སྙེ་མོ་རྫོང་ཐོན་པ་ཤང་མཛེས་ལྗོངས་ཁུལ་གྱི་ལྟེ་བར་གནས་པ་དེ་རྒྱལ་ལམ་318ལམ་རྒྱུད་ཀྱི་གལ་ཆེའི་ཡུལ་སྐོར་བྱ་ཡུལ་ཞིག་ཡིན། ཐོན་མདའ་གྲོང་ཚོ་འདི་ཉིད་2013ལོར་ཀྲུང་གོའི་ཤང་གྲོང་མཛེས་ཤོས་དང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ལ་བདམས་ཐོན་བྱུང་བ་དང་། ཀྲུང་གོའི་བོད་ཡིག་གི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེར་གྱུར་པ། དེ་བཞིན་བོད་ཡིག་གསར་གཏོད་གནང་མཁན་གྱི་མེས་པོ་བྱོན་ཡུལ་དང་ཤུག་འཐག་ཆུ་འཁོར་གྱི་ཕ་ཡུལ་བཅས་ཡིན་པས། བོད་མི་རིགས་ཀྱི་རིག་གནས་དར་ཡུལ་དང་ལག་ཤེས་བཟོ་ལས་ཀྱི་རྒྱབ་ཕྱོགས་ལས་གྲྭའི་མཚན་སྙན་ཐོབ་ཡོད་ཅིང་། གྲོང་ཚོ་དེར་2014ལོར་སླར་ཡང་ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཚོའི་མཚན་སྙན་ཐོབ་པས་ཐོན་མདའ་གྲོང་ཚོའི་རིག་གནས་ཀྱི་དོན་སྤྱིར་ནང་དོན་གསར་པ་ཞིག་བསྣན་ཡོད།

    365095_yis_1486443693092_s.jpg

    ལོ་རྒྱུས་དང་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་མངོན་ཞིང་། རྫོང་དེའི་ལོ་རྒྱུས་དཔྱད་གཞིར་གཞིགས་ན། ཐོན་པ་ཤང་ལ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ལ། བོད་ཡིག་གསར་གཏོད་གནང་མཁན་ཐོན་མི་སམ་བྷོ་ཌའི་ཕ་ཡུལ་ཡང་ཡིན་པ་རེད། ཐོན་མི་སམ་བྷོ་ཌ་ནི་མཛངས་མི་བདུན་གྱི་གྲས་ཡིན་པ་དང་། བོད་མི་རིགས་ཀྱི་སྐད་ཡིག་མཁས་ཅན་དང་ལོ་ཙཱ་བ་ཆེན་པོ་ཞིག་ཡིན། མིག་སྔར་ཐོན་པ་ཤང་དུ་ཐོན་མི་སམ་བྷོ་ཌའི་བཞུགས་གནས་ཤིག་ཡོད་པ་དེ་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་གཏོགས་པ་དང་། དེ་གར་བོད་ལྗོངས་ཐོན་མིའི་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིས་རྒྱལ་ཡོངས་ཀྱི་བོད་ཡིག་གི་བརྗོད་བྱ་གཙོ་བོར་བྱས་པའི་རྟེན་རྫས་བཤམས་མཛོད་ཁང་ཨང་དང་པོ་དེ་སྐྲུན་ཡོད་ཅིང་། འགྲེམས་ཁང་གཙོ་བོའི་དབུས་སུ་དཀྱིལ་འཁོར་གྱི་འབྲི་སྟངས་སྤྱད་པའི་རིང་ཚད་ལ་སྨི་18དང་ཞེང་ཚད་ལ་སྨི་4ཡོད་པའི་ལྡེབས་རིས་ངོས་སུ་ཐོན་མི་འཁྲུངས་པ་དང་། སློབ་གཉེར་གནང་ཚུལ། དགོངས་པ་རྫོགས་ཚུལ་བཅས་བཀོད་ཡོད་པ་མ་ཟད། ཕ་བོང་ཁར་བཙན་པོ་སྲོང་བཙན་སྒམ་པོར་བོད་ཡིག་བསླབ་ཚུལ་ཇི་བཞིན་བཀོད་ཡོད། བཤམས་མཛོད་ཁང་དེའི་ཞོར་གཏོགས་ཁང་ནང་དེང་རབས་ཀྱི་བོད་ཡིག་ཡིག་གཟུགས་མཁས་ཅན་ཀརྨ་འཕྲིན་ལས་ཀྱི་ཡིག་གཟུགས་བརྩམས་ཆོས་དང་གནའ་བོའི་བོད་ཡིག་གི་ཡིག་ཆས་སོགས་རིག་དངོས་མང་པོ་ཉར་ཚགས་བྱས་ཡོད་པ་དང་། ལྷག་དོན་བོད་ཡིག་གསར་གཏོད་ཀྱི་བརྒྱུད་རིམ་དང་བོད་ཡིག་གསར་གཏོད་དང་འབྲེལ་བ་དམ་ཟབ་ཡོད་པའི་བཙན་པོ་སྲོང་བཙན་སྒམ་པོ་དང་ཐོན་མི་སམ་བྷོ་ཌ་གཉིས་དོན་བརྗོད་རྣམ་པའི་ཐོག་ནས་ཕྱོགས་བཞིའི་སྐྱེ་བོ་ཚོའི་འདྲེན་བྱེད་ཡུལ་དུ་ཇི་མ་ཇི་བཞིན་དུ་མངོན་གང་ཐུབ་བྱས་ཡོད། དེ་གའི་རིག་གནས་ཁྱམས་རིང་དུ་ལྷ་ལྡན་གཙུག་ལག་ཁང་མདུན་གྱི་ཐང་བོད་མནའ་འབྲེལ་རྡོ་རིང་སོགས་བོད་དུ་གྲགས་ཆེ་བའི་རྡོ་རིང་13འདྲ་བཟོ་བྱས་ཡོད་པ་དང་། ད་དུང་རིང་ཚད་ལ་སྤྱི་ལེ་3ཙམ་ཡོད་པའི་ཤུག་འཐག་ཆུ་འཁོར་200ལྷག་ཙམ་གྱི་ཁྱམས་རིང་ནས་ཉིན་མཚན་དབྱེར་མེད་ཀྱིས་སྤོས་བཟོའི་ལས་རིམ་དང་པོ་སྟེ། ཤུག་འཐག་གི་ལས་ལ་བྲེལ་བཞིན་ཡོད་པ་རེད།

    སྤོས་བཟོའི་ངོས་ནས་བཤད་ན། ད་ཆ་བོད་ལ་ཐོ་བཀོད་པའི་བདུག་སྤོས་བཟོ་གྲྭ་200ཙམ་ཡོད་རུང་། སྙེ་མོའི་ཐོན་པ་ནི་བོད་ཀྱི་བདུག་སྤོས་ཀྱི་འབྱུང་ཁུངས་དང་ཆེས་ཚད་མར་འཛིན་བཞིན་ཡོད། དེའི་རྒྱུ་མཚན་ནི་སྤྱི་ལོ་2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་ཚུད་པའི་ཐོན་པའི་སྤོས་ནི་ཐོན་མི་སམ་བྷོ་ཌས་གསར་གཏོད་གནང་བར་གྲགས་པས། ད་བར་མི་ལོ་1300ལྷག་གི་ལོ་རྒྱུས་ལྡན་ལ་འབྱུང་ཁུངས་དག་པས་ཡིན་ཞིང་། དེ་ག་ནི་མིང་དོན་མཚུངས་པའི་བདུག་སྤོས་ཀྱི་ཕ་ཡུལ་ཡིན་སྟབས་གྲོང་མི་ཕལ་ཆེ་བས་བདུག་སྤོས་སྦྱོར་རྟ་བྱེད་པ་མ་ཟད། སྦྱོར་རྟའི་ལས་རིམ་རྙོག་འཛིང་ཆེ་ལ་ཤུག་པ་དང་ཙན་དན་དཀར་དམར་སོགས་སྨན་སྣ་30ཙམ་ཚད་དང་མཐུན་པའི་ངང་སྡེབ་སྦྱོར་བྱེད་པས། མི་རྣམས་ཀྱིས་ཐོན་པའི་བདུག་སྤོས་ནི་ཐོན་མིའི་བྱིན་རླབས་ཞུགས་པའི་རྩ་ཆེའི་སྤོས་མཆོག་ཅིག་ཏུ་བརྩི་བ་སོགས་དེ་ལྟ་བུའི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་ཆེས་ཟབ་པའི་ཤང་གྲོང་ནི་འབྱུང་དཀའ་ལ་མཐོང་དཀོན་པ་ཞིག་ཀྱང་ཡིན།

    365094_yis_1486443692827_s.jpg

    མཛེས་སྡུག་ལྡན་པའི་ཞིང་ཐང་དང་། གནམ་གཤིས་ལེགས་པ། སྣོད་བཅུད་བཟང་བ་བཅས་ཀྱི་ཐོན་པ་ཤང་ནི་སྙེ་མོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ལྟེ་གནས་སུ་གནས་ཡོད་ཅིང་། གྲོང་ཚོའི་ནང་ལོ་ངོ་བརྒྱ་ལྷག་སོང་བའི་སྟར་སྡོང་དང་། རྒྱ་ལྕང་། སྦྱར་པ་བཅས་གང་སར་སྐྱེས་ནས་གྲོང་ཚོའི་ཕྱོགས་བཞིའི་མི་བཟོས་གླིང་ག་དང་བསྣོལ་མར་འབྲེལ་ཡོད་པ་རེད། དེ་ལྟར་སྔོ་ལྗང་ལྗོན་ཤིང་གི་བསིལ་གྲིབ་ཀྱིས་ཁེངས་པ་དང་། རི་རྒྱུད་འབྲེལ་ཞིང་ཆུ་རྒྱུད་མང་བ། ཐོན་ཆུའི་རྒྱུད་ཀྱི་ཤུག་འཐག་ཆུ་འཁོར་ཆེ་ཆུང་དག་བཅས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྲུབ་ཡོད། ཐོན་པ་ཤང་དུ་སྐྱོད་སྐབས་དེ་གའི་སྲོལ་རྒྱུན་གྲོང་སྡེ་དང་། བོད་ཡིག བདུག་སྤོས། གནའ་བོའི་ལྗོན་ཤིང་། ཆུ་ཁའི་མཛེས་ལྗོངས་བཅས་གཅིག་ཏུ་འབྲེལ་ནས་བྲལ་བར་མི་འདོད་པ་ལྟ་བུ་ཡོད་པས། ཐོན་མདའ་གྲོང་ཚོ་ནི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་སྤྱད་དེ་མི་སྡོད་ཁོར་ཡུག་སྐྲུན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

    མཛེས་ལྗོངས་ཁུལ་དེ་ནས་ད་དུང་སྙེ་མོའི་ཁྱད་འཕགས་གསུམ་ཞེས་ལྗོངས་ཕྱི་ནང་དུ་གྲགས་པའི་བདུག་སྤོས་དང་། བོད་ཤོག པར་བརྐོ་སོགས་དང་དེ་མིན་རྔ་དང་བོད་ལྷམ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་9ཡི་རྒྱུན་འཛིན་པ་ཚོས་ས་ཆ་དངོས་སུ་བཟོ་རིམ་ངོ་སྤྲོད་ཀྱིས་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་བཟོ་རྩལ་དང་མཛེས་སྡུག་ཉམས་སུ་མྱོང་ཐུབ་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།