[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་སྐུ་འབུམ་བྱམས་པ་གླིང་ལ་བསྩལ་བའི་བཅའ་ཡིག་ཉུང་ངུ་རྣམ་གསལ།

    ​ ཆུ་སྦྲུལ་ལོ། (སྤྱི་ལོ་༡༦༥༣)

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-12-30

    ཆོས་ཕུང་རྒྱ་མཚོའི་རང་བཞིན་དབྱངས་སྙན་རྒྱུད། །  རྨད་བྱུང་ངག་གི་ཡོལ་གོར་རབ་འཁྱིལ་བའི། ། མཚུངས་མེད་མཁྱེན་བརྩེའི་དབང་ཕྱུག་དབྱངས་ཅན་ལྷ། ། མགྲིན་པའི་པད་མར་བཞུགས་ལ་ཤིས་པ་སྩོལ། ། སྒྲིབ་གཉིས་ཚང་ཚིང་འཁྲིགས་པའི་ནགས་ཀྱི་ཀླུང་། ། ཚོགས་གཉིས་བྱིན་ཟའི་ཕུང་པོས་རབ་བསྲེགས་པའི། ། རྣམ་འདྲེན་དེའི་གསུང་དགེ་འདུན་བཅས་པ་རྣམས། ། བྱང་ཆུབ་སྙིང་པོའི་བར་དུ་ཕྱག་གི་ཡུལ། ། རྒྱལ་བའི་ཡབ་གཅིག་འཇམ་མགོན་ཙོང་ཁ་པ། ། བསམས་བཞིན་མི་ཡི་སྲིད་པ་བཟུང་པའི་སར། ། རྣམ་གསུམ་འཁོར་ལོའི་བྱ་བས་རབ་མཛེས་པའི། ། འདུས་པའི་སྡེ་འདི་སྐྱེ་རྒུའི་བསོད་ནམས་ཞིང་། ། འོག་མིན་དག་པའི་རིན་ཆེན་ཐེམ་སྐས་ལས། ། ཉེར་བབས་སྤྲུལ་སྐུའི་སྒྱུ་འཕྲུལ་དྲ་བའི་གར། ། བསྟན་ཚེ་དབུས་འགྱུར་འཆང་གི་ལུམ་བིའི་ཚལ། ། མདོ་སྨད་ཙོང་ཁའི་ཡུལ་དུ་འཕེས་པ་བཞིན། ། རྒྱལ་ཀུན་མཁྱེན་པའི་འདབ་མ་རབ་རྒྱས་པར། ། བརྩེ་བའི་འཛུམ་གྱིས་ཕན་བདེའི་བྷྲ་མ་ར། ། བསུ་བའི་སྔོན་མེད་པད་དཀར་ཆུན་པོ་འདིས། ། ཆུ་སྐྱེས་གཞན་ལ་གདུང་བའི་མདུད་པ་གྲོལ། ། ཆེས་ཕྲའི་ན་ཚོད་སྒོ་ངའི་སྦུབས་རྒྱ་ནས། ། གསང་གསུམ་མི་ཟད་འཁོར་ལོའི་སྐད་སྙན་ཅན། ། ཀུན་མཁྱེན་ཀ་ལ་་ཀ་འདི་མཐོང་ཚེ། ། དམ་པར་རློམ་པ་ཕམ་ཆེར་ངུར་པའི་ཁྱུ། ། སྲིད་ཞིའི་རྒུད་པ་རྨོངས་ཆེན་མུན་པའི་དཔུང་། ། མཐར་བྱེད་དམ་ཆོས་སྣང་བའི་སྐྱ་རེངས་མ། །དཀར་མིན་འབྲས་བུའི་ཐུན་གསུམ་རྫོགས་པའི་མཐར། ། འཆར་བའི་བྱེད་པོ་ཉིན་བྱེད་འདི་སུས་བསྐྲུན། ། ཞིང་འདིར་མགོན་ཁྱོད་འཁྲུངས་པའི་ངོ་མཚར་གཏན། ། ཕུར་བུས་ཚིག་གི་ཕྲེང་བར་རབ་བསྒྲིགས་ཤིང་། ། ཚངས་པས་ལོ་རྒྱུས་སྨྲ་བའི་དཀར་ཐུབ་ལ། ། བསྐལ་བརྒྱར་འབད་ཀྱང་རྫོགས་པའི་ཕ་མཐར་ཅི། ། དེང་ཕྱིར་བདག་བློའི་བུང་བའི་གཤོག་པ་ཡིས། ། ལེགས་བཤད་གདེངས་ཅན་སྟོན་པར་ནུས་མིན་ཕྱིར། ། དངོས་དོན་སྐུ་འབུམ་བྱམས་པ་གླིང་འདུས་ཚོགས་ཀྱི། ། ཆོས་ལྡན་ཁྲིམས་སུ་བཅའ་བའི་རིམ་པ་འབྲི། ། ཞེས་ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་བསྟན་ཚིག་སྙན་པོས་མདུན་བསུས་ཏེ་གླེང་བར་བྱ་བ་ལ། ། ཡོན་ཏན་རིན་པོ་ཆེའི་སྡུད་པ་ལས། ། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོད་དང་། ། འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། ། མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། ། དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། ། ཞེས་གསུངས་པ་ལྟར། སྲིད་པ་དང་ཞི་བའི་ལེགས་ཚོགས་ཐམས་ཅད་ཀྱི་བྱེད་པོ་ནི་ཐུབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རག་ལུས་ཤིང་། སངས་རྒྱས་རྣམས་ཀྱིས་འགྲོ་བ་འདྲེན་པའང་ལེགས་པར་གསུངས་པའི་བརྗོད་བྱ་ལུང་གི་བསྟན་པ་ཐོས་བསམ་གྱིས་གཏན་ལ་ཕབ། བརྗོད་དོན་རྟོགས་པའི་བསྟན་པ་ཉམས་སུ་ལེན་དགོས་ཤིང་། དེ་ཚུལ་བཞིན་དུ་འཛིན་པ་དགེ་འདུན་གྱི་སྡེ་རྣམ་པར་དག་པ་ལ་བརྟེན་ནས་འབྱུང་བས། དེའང་སྔོན་ལྷ་བཙན་པོ་མེས་དབོན་རྣམ་གསུམ་ཀྱི་འབངས་བོད་ཆེན་པོའི་རྒྱལ་ཁམས་སུ་གཏོགས་པ་ཤར་ཙོང་ཁའི་ཡུལ་གྲུར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ། བསྟན་དང་འགྲོ་བའི་སྨན་ཡོན་དུ་སྤྲུལ་པའི་ཟློས་གར་བསྟན་པའི་ནོར་འཛིན་གྱི་གཞིར་ཙན་དན་གྱི་ལྗོན་པ་ལ་འདབ་གཡུར་དུ་ཟ་བའི་སྟེང་དུ་དེ་བཞིན་གཤེགས་པ་སེང་གེའི་ང་རོའི་སྐུའི་སྣང་བརྙན་འབུམ་ཤར་བ་ལས་ལྡན་གྱི་སྐྱེ་བོ་དུ་མས་མཐོང་བའི་གནས་དེར། ཆོས་སྡེ་ཞིག་ཚུགས་ན་ཤར་ཕྱོགས་རྒྱ་མཚོ་ཆེན་པོའི་དུ་མས་མཐོང་བའི་གནས་དེར། ཆོས་སྡེ་ཞིག་ཚུགས་ན་ཤར་ཕྱོགས་རྒྱ་མཚོ་ཆེན་པོའི་མཐས་གཏུགས་པའི་བར་དུ་རྒྱལ་བ་ཅོང་ཙོང་ཁ་པ་ཆེན་པོའི་བསྟན་པ་འཕེལ་རྒྱས་འབྱུང་བའི་རྟེན་འབྲེལ་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ཞབས་ཀྱིས་བཅགས་ཤིང་གསུང་གི་སྣང་བ་བསྩལ་བར་བརྟེན་གསར་དུ་བསྐྲུན་པའི་སྐུ་འབུམ་བྱམས་པ་གླིང་གི་བཅའ་ཁྲིམས་ནི་དགེ་འདུན་སྤྱི་ལ་དགོས་པའི་ཁྲིམས་ཀྱི་རིམ་པ་རྒྱལ་བ་ཅོང་ཙོང་ཁ་པའི་བཀའ་འབུམ་ཐོར་བུར་བཞུགས་པའི་ཡི་གེ་གཞིར་བཞག  བྱེ་བྲག་དམིགས་ཀྱིས་བསལ་བ། བླ་མ་ལས་ཐོག་པས་སྒྲིག་བསྡམས་པ་སོགས་ཆོས་ལྡན་གྱི་བྱ་བའི་རིགས་ལ་ཉན་འཇོག་མཐུན་རྐྱན་དུ་འགྲོ་བ་མ་གཏོགས་ལོག་སྒྲུབ་མི་བྱེད། ནང་མཆོད་དང་སྨན་རྟ་མ་གཏོགས་་པའི་ནང་དུ་ཆང་མི་ལེན། གནང་བ་མ་ཞུས་པར་བུད་མེད་མི་གཏོང་ཞིང་ཞག་ཏུ་མི་འཇོག་དགོན་པའི་ནང་དུ་ཆང་མི་ལེན། གནང་བ་མ་ཞུས་པར་བུད་མེད་མི་གཏོང་ཞིང་ཞལ་ཏུ་མི་འཇོག་དགོན་པའི་སྒྲིག་འགྲིམ་ཡིན་ཕྱིན་གཞི་བྱེས་ཚང་མར་ཕུ་ཐུང་དང་། སྐྲ་ཡིང་གྲི་ཡིང་གློ་ཆ་སོགས་འབའ་རེངས་ཀྱི་ཆས་སྤྲོས་པ་དང་། ཞྭ་སེར་མ་གཏོགས་ཞྭ་རིགས་མི་གཅིག་པ་མི་གྱོན། ཆོགས་སུ་ལོངས་གཏམ་ལོང་སྨྲ་བ། བག་མེད་ཀྱི་སྤྱོད་པ་བྱེད་པ། གནང་བ་མ་ཞུས་པར་ཚོགས་སུ་མི་ཡོང་བ་མི་བྱེད། དཔོན་པོ་ཡུལ་ཚན་མཐུན་བསྡེབས་སོགས་ལ་བརྟེན་པའི་ཆགས་སྡང་གིས་དཀྲུག་ཤིང་མི་བྱེད། དགོན་སྤྱིར་གནོད་པའི་ནང་གཏན་ཕྱིར་སྐྱེས་མི་བྱེད། སོ་ནམ་སོགས་འཇིག་རྟེན་པའི་བྱ་བས་དམ་པའི་ཆོས་འདུལ་བ་སུན་འབྱུང་བ་བྱེད། སྒྲིག་སྒྲིགས་དང་འགལ་བའི་རིགས་ལ་བླ་མ་དགེ་སྐོས་སོགས་ཀྱིས་ཉེ་འགྱངས་སྤངས་པའི་ཆད་ལས་བྱས་པ་ཚུག་བཞིན་བསྒྲུབ་དགོན་ཤིང་། དེ་ལྟར་མི་བསྒྲུབ་པ་དང་ངན་རྒྱབ་བྱས་པ་སོགས་ཆོས་སྡེའི་བསྟན་བཤིག་ཆེན་པོར་འགྲོ་བའི་རིགས་ལ་གནས་དབྱུང་སོགས་ཆེ་ཆུང་བབ་ཐོབ་ཀྱི་ཆད་པ་འགེལ་ཞིང་། དེར་མ་བརྩིས་པ་བྱུང་ན་རྒྱབ་གཉེར་རྒྱ་སོག་གི་དཔོན་པོ་སུ་འོས་ཀྱིས་གྱིས། མདོར་ན་ཆོས་སྡེའི་སྒྲིག་སྒྲིགས་ཚུལ་ལྡན་དུ་བགྱིས་པའི་དཔང་པོ་དམ་ཅན་སྲུང་མ་རྣམས་ཀྱིས་མཛད་དེ་ཚར་གཅོད་རྗེས་འཛིན་གྱི་འཕྲིན་ལས་སྒོ་ནས། ཆོས་སྡེ་ཆེན་པོ་འདི་ཉིད་ཇི་སྲིད་ཉི་ཟླའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་དེ་སྲིད་དུ་གནས་ཤིང་རྒྱས་པའི་མཐུ་དང་ལྡན་པར་གྱུར་ཅིག  ཕུན་ཚོགས་རྣམ་པར་དགེ་བའི་གྲུ་རྫིངས་ལ། བརྟེན་ནས་ཀུན་མཁྱེན་ནོར་བུའི་གླིང་ཆེན་པོར། བར་བགྲོར་བགྲོད་དོན་གཉིས་འདོད་དགུའི་དཔལ་འབྱོར་ལ། འགྲོ་བ་མཐའ་དག་ལོངས་སུ་སྤྱོད་གྱུར་ཅིག ། ཅེས་སྐུ་འབུམ་བྱམས་པ་གླིང་གི་བཅའ་ཡིག་ཉུང་ངུ་རྣམ་གསལ་འདི་ནི། སྐུ་འབུམ་ཆོས་རྗེ་གྲྭ་བུ་སློབ་དང་བཅས་པས་བསྐུལ་བའི་ངོར་འཇམ་དབྱངས་གོང་མ་རྒྱལ་པོའི་ལུང་གིས། ཟཱ་འཐེན། ཏཱ་ཞཱན། ཙི་ཙིའི་ཕཱོ། ཤཱ་ཝཱའི་ཐན་ཞཱ་ཤི་ཀྱོའུ། ལཱ་ཏ་ལཱ། ཏཱ་ལའི་བླ་མ་ཞེས། ནུབ་ཀྱི་ལྷ་གནས། ཆེས་དགེ་བ་བདེ་བར་གནས་པའི་སངས་རྒྱས། བཀའ་ལུང་གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་གྲགས་ཤིང་། མིང་གཞན་ཟ་ཧོར་གྱི་རིགས་ལས་ཨ་ཝུ་དྷཱུ་ཏཱི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེར་འབོད་པའི་ལྡུམ་བུ་པས་རྣམ་རྒྱལ་ཞེས་པ་ཆུ་སྦྲུལ་གྲོ་བཞིན་ཟླ་བའི་ཕྱོགས་ཕྱི་མའི་དགའ་བ་གཉིས་པའི་ཚེས་ལ། གནམ་སྔོན་ཞུན་མར་འཁྱིལ་འདྲའི་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་ནས་བྲིས་པ་ཛ་ཡན་ཏུ། །

    《བཅའ་ཡིག་ཕྱོགས་སྒྲིགས》ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།