[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་མི་སྣ།
  • ཕུགས་བསམ་ཡིད་ལ་བཅངས། ས་གཤིས་བྱ་བར་འབད།

    ​ཀྲུང་གོ་བཟོ་བཀོད་ཁང་གི་བོད་རིགས་ཡོན་ཧྲི་དང་པོ་རྡོ་རྗེའི་སྐོར་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-24

    398192_yis_1495516243120_s.jpg

    རང་རྒྱལ་གྱི་ས་གཤིས་ཐད་ཀྱི་རིགས་གཅིག་མཁས་པ་གྲགས་ཅན་ཀྲུང་གོ་བཟོ་བཀོད་ཁང་གི་བོད་རིགས་ཡོན་ཧྲི་ཨང་དང་པོ་རྡོ་རྗེས་ཕྱི་རོལ་དུ་ས་གཤིས་རྩད་ཞིབ་བྱེད་བཞིན་པ།

    མཚོ་བོད་ས་མཐོ་ནས་ཁྲེང་ཏུའུ་དང་དེ་ནས་ཕྱི་རྒྱལ་དུ་སློབ་གཉེར་ལ་ཐེངས་གསུམ་བསྐྱོད་རིང་ཕྱི་རྒྱལ་དུ་སྡོད་རྒྱུ་དང་ལེན་མ་བྱས་པར་ཐེ་ཚོམ་སྤུ་ཙམ་མེད་པར་རྒྱལ་ནང་དུ་ལོག

    གློག་བརྙན་སྟོན་མཁན་ཞིག་ནས་ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲི་བར་མི་ཚེའི་ལམ་བུའི་ཐོག་ཁོང་ལ་རང་རྒྱལ་གྱི་ས་གཤིས་ཚན་རིག་གི་གཟི་བརྗིད་མཐོ་ཤོས་ཏེ། ལི་སི་ཀོང་ས་གཤིས་ཚན་རིག་བྱ་དགའ་ཐོབ་མྱོང་།

    ནག་ཅིང་སྣུམ་པའི་སྐྲ་ལོ་ད་ཆ་དཀར་པོར་གྱུར་པའི་བར་གྱི་མི་ལོ་བཞི་བཅུའི་རིང་གངས་ལྗོངས་ས་མཐོའི་རི་ཆུ་མཐའ་དག་ཞབས་ཀྱིས་བཅགས་ནས་རང་རྒྱལ་གྱི་ས་གཤིས་རིགས་པའི་གཞུང་ལུགས་གསར་གཏོད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བཏོད།

    ཁོང་ནི་རང་རྒྱལ་དུ་སྐད་གྲགས་ཆེ་བའི་ས་གཤིས་རིགས་གཅིག་མཁས་ཅན། ཀྲུང་གོ་བཟོ་བཀོད་ཁང་གི་བོད་རིགས་ཡོན་ཧྲི་དང་པོ་སྟེ་རྡོ་རྗེ་རེད།

    ས་གཤིས་བྱ་བ་དང་ལས་དབང་འབྲེལ།

    སློབ་གཉེར་ཐོས་པ་བཙལ། ཕྱིར་སྡོད་གོ་སྐབས་དོར།

    རྡོ་རྗེ་1953ལོར་བོད་ལྗོངས་རྒྱ་ཚྭ་རྫོང་གི་འབྲོག་ཁྱིམ་དབུལ་པོ་ཞིག་ཏུ་སྐྱེས། ཕ་ཡུལ་གྱི་གཡའ་དག་པའི་ནམ་མཁའ་དང་། བབ་ཆགས་པའི་ཡུལ་མི། ཡངས་པའི་ས་གཞི་ལས་རྡོ་རྗེའི་གཞུང་དྲང་གི་གཤིས་སྤྱོད་དང་སེམས་རྩ་འཁོལ་བའི་གཤིས་རྒྱུད་གྲུབ།

    ལོ་20ལ་སླེབས་སྐབས་རྡོ་རྗེ་རྫོང་གློག་བརྙན་རུ་ཁག་གི་གློག་བརྙན་སྟོན་མཁན་དུ་གྱུར། སྐབས་དེ་དུས་ཀྱི་གཞོན་ནུར་ཆ་མཚོན་ན། དེ་ནི་ཀུན་གྱིས་ཡིད་སྨོན་པའི་ལས་ཀ་ཞིག་ཡིན་མོད། འོན་ཀྱང་རྡོ་རྗེའི་སེམས་ཁོངས་སུ་དེ་བས་ཆེ་བའི་ཕུགས་བསམ་ཞིག་ལྡན་པ་ནི“བོད་ནས་ཐོན་ཏེ་ཡུལ་གཞན་དུ་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་བར་འགྲོ་རྒྱུ་དེ་རེད”

    སྟེས་དབང་གིས་གོ་སྐབས་ཞིག་ལས་རྡོ་རྗེས་མཚོ་བོད་ཚན་ཞིབ་རུ་ཁག་གི་ཁོངས་མི་ངོ་ཤེས། ཚན་ཞིབ་རུ་ཁག་གི་ལས་ཀ་ལས་རྡོ་རྗེར་ས་གཤིས་ཀྱི་ཐ་སྙད་ཐོག་མ་དེ་བྱུང་བ་དང་སྦྲགས། ཁོང་ཚོའི་རི་ཀླུང་མཐའ་དག་ཞབས་ཀྱིས་བཅགས་ནས་མེས་རྒྱལ་འཛུགས་སྐྲུན་བྱེད་པའི“ནོར་བུ་འཚོལ་བའི”སྙིང་སྟོབས་དང་བྱས་རྗེས་ཀྱིས་སེམས་འགུལ་དང་སྐུལ་ལྕག་ཆེན་པོ་ཐེབས་ནས་ས་གཤིས་ཤེས་བྱ་སྦྱོང་བའི་མོས་པ་ཁོང་གི་སེམས་ལ་འཁོར།

    སྟབས་ལེགས་པ་ཞིག་ལ་མཐར་ཁོང་ལ་གོ་སྐབས་ཐོབ། གློག་བརྙན་སྟོན་མཁན་ལོ་གཉིས་བྱས་རྗེས་ལོ་22ལ་སླེབས་པའི་རྡོ་རྗེ་རི་ལུང་སྟོང་ཕྲག་དུ་མས་ཆོད་པའི་ཁྲེང་ཏུའུ་ས་གཤིས་སློབ་གླིང(ད་ཆའི་ཁྲེང་ཏུའུ་རང་བྱུང་བཟོ་སྐྲུན་རིག་པ་སློབ་ཆེན་ཡིན་པ)དུ་སློབ་སྦྱོང་ལ་བསྐྱོད་རྒྱུའི་འོས་སྦྱོར་བྱས།

    1978ལོར་གཡུར་དུ་ཟ་བའི་སྦྱངས་འབྲས་ཐོག་ནས་སློབ་གྲྭ་ཐོན་རྗེས་རྡོ་རྗེ་བོད་ལྗོངས་ས་འོག་ཚ་ནུས་ས་གཤིས་རུ་ཆེན་དུ་ལས་བགོས་བྱུང་ནས་ས་གཤིས་རྩད་ཞིབ་དང་ཚན་རིག་ཞིབ་འཇུག་བྱ་བར་ཞུགས།

    དཀའ་སྡུག་བཟོད་སྲན་ཐུབ་ལ་ཞིབ་འཇུག་བྱ་རྒྱུར་མཁས་པའི་རྡོ་རྗེ་ལས་ཁུངས་ཀྱི་གསོ་སྐྱོང་གི་དམིགས་ཡུལ་གཙོ་བོར་གྱུར་པ་དང་སྔ་རྗེས་སུ་དབྱི་ཐ་ལི་པི་སཱ་རྒྱལ་སྤྱིའི་ས་འོག་ཚ་ནུས་སློབ་གླིང་དང་ཨ་རིའི་ཅ་ཀྲོའུ་སློབ་ཆེན་ལའོ་ལུན་སི་རྒྱལ་ཁབ་ཚོད་ལྟ་ཁང་བཅས་སུ་ས་གཤིས་ཆེད་ལས་སློབ་སྦྱོང་བྱེད་པར་མངགས།

    ཨ་རིར་སློབ་སྦྱོང་བྱེད་རིང་མཁས་དབང་དང་སློབ་ཁྲིད་མཁན་མི་ཉུང་བ་ཞིག་གིས་བོད་རིགས་གཞོན་ནུ་དེའི་བརྩོན་འགྲུས་ཀྱི་སྙིང་སྟོབས་དང་ཚན་རིག་ལ་འཛིན་པའི་སྒམ་ནན་གྱི་རྣམ་འགྱུར་ཤེས་རྟོགས་བྱུང་ནས་ཁོང་ཨ་རིར་ལས་ཀ་བྱས་ནས་སྡོད་རྒྱུའི་ཁ་ཏ་བྱས། སློབ་གྲྭ་ཐོན་ནས་རང་རྒྱལ་དུ་ཕྱིར་ལོག་མ་བྱས་གོང་གི་སྐར་མ་འགར་ཡང་ཨ་རིའི་རིགས་གཅིག་མཁས་ཅན་གྱིས་ཨ་རིར་སྡོད་རྒྱུའི་ཁ་ཏ་སླར་ཡང་བྱས། སེམས་རྩ་འཁོལ་བའི་རེ་འདུན་མདུན་དུ“ངའི་རྩ་བ་མེས་རྒྱལ་དུ་ཡོད། ས་ཆ་དེར་ང་མཁོ་ཆེ”ཞེས་བློ་རྩ་བརྟན་པོས་བརྗོད།

    ས་གཤིས་བྱ་བར་རང་ནུས་བཏོན།

    གངས་རི་གྲོགས་སུ་བསྟེན། ཁེར་རྐྱང་སེམས་སུ་ཉར།

    “ཞོགས་པ་བག་ལེབ་འཁྱེར་ནས་རི་བོ་འཛེག ཕྱི་དྲོ་གཏེར་རྡོ་ཁུར་ནས་ཀླུང་ལ་བབ”ཞེས་པ་ནི་བོད་ཀྱི་ས་གཤིས་ལས་དོན་པའི་འཚོ་བ་དངོས་ཀྱི་མཚོན་ཚུལ་ཞིག་རེད། རྡོ་རྗེ་གནས་སའི་རྩད་ཞིབ་རུ་ཆུང་ནི་སྔོན་སྐྱོད་རུ་ཁག་ཡིན་པས། རྒྱུན་དུ་མི་བཞི་ལྔ་ས་བབ་སྨི་བཞི་སྟོང་ལྔ་སྟོང་ཙམ་གྱི་ལ་རྩེར་གུར་ཕུབས་ནས་ཟླ་བ་དྲུག་བདུན་སྡོད་དགོས་ཀྱི་ཡོད། བཟའ་མ་ནི་རྡོག་ཐོན་མ་བྱས་གོང་གྲ་སྒྲིག་བྱས་པའི་ཤ་བསྙལ་མ་དང་། ལ་ཕུག ཞོག་ཁོག་སོགས་རེད། གནས་དེ་དག་ཏུ་མི་ལྟ་བཞག་ཕྱུགས་རིགས་ཀྱི་གྲིབ་མ་ཙམ་ཡང་རེག་རྒྱུ་མེད།

    རྡོ་རྗེས“ས་གཤིས་རིག་པའི་ངོ་མཚར་དེ་ཉིན་ལྟར་ཞོགས་པ་ཕྱིར་ཐོན་སྐབས་སེམས་ནང་གསང་བ་ཤེས་རྟོགས་ཐུབ་པའི་སྒུལ་ཤུགས་འཕེལ་བ་དེ་ཡིན་པས། དཀའ་ངལ་ག་ཚོད་ཡོད་ཀྱང་རེ་བ་སྔར་བཞིན་ཡོད”ཅེས་བརྗོད།

    ཕྱི་རོལ་དུ་ས་གཤིས་རྩད་ཞིབ་བྱེད་སྐབས་རྡོ་རྗེར་དཀའ་ངལ་དུ་མ་འཕྲད་མྱོང་བ་སྟེ། མི་མེད་ལུང་སྟོང་དུ་རང་ཉིད་ཁེར་རྐྱང་དུ་ལུས་པ་དང་། གངས་འཕྱིད་ཐེབས་པ། རི་སྟེང་ནས་རྦབ་རིལ་ཐེབས་པའི་རྨས་སྐྱོན། རི་ཉིལ་བའི་འཇིགས་སྣང་སོགས་སོ།

    1996ལོར་རྡོ་རྗེས་ཉེན་ཁའི་དུས་སུ་འགན་འཁྲི་ཕྲག་ཏུ་ཁུར་ནས་ཡངས་པ་ཅན་Zk4001དྲོད་ཚད་མཐོ་བའི་ཁྲོན་པའི་འཆར་འགོད་དང་རྩད་ཞིབ་ལས་འགན་ལྕི་པོ་ཁུར་ནས་སྔ་རྗེས་སུ་ཨར་སྐྲུན་ཁྲོད་ཀྱི་ས་འོག་ཚ་ནུས་ཤུགས་ཆེན་འདོན་པ་དང་། སྟེང་རིམ་ཚ་ནུས་གསོག་འཇོག་གི་དྲོད་ཚད་མཐོ་བ། ས་རིམ་ཧ་ཅང་གས་སླ་བ་སོགས་ལག་རྩལ་གྱི་དཀའ་གནད་བསལ་ནས་ལས་གྲྭར་ཐོད་བརྒལ་ཤུགས་ཆེན་བྱུང་། ཡངས་པ་ཅན་གྱི་དྲོད་ཚད་མཐོ་བའི་ཁྲོན་པ་དེ་དག་རྒྱལ་ནང་གི་དྲོད་ཚད་མཐོ་ཤོས་དང་རྒྱུག་ཤུགས་ཆེ་ཤོས་ཀྱི་སྔོག་འདོན་ཆོག་པའི་ས་འོག་ཚ་ནུས་ཁྲོན་པར་གྱུར་ཏེ་རང་རྒྱལ་ལ་ཁྲོན་པ་རྐྱང་པ་ནས་ཐོན་འབོར་ཝ་ཁྲི་སྟོང་རིམ་པའི་ས་འོག་ཚ་ནུས་ཁྲོན་པ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    རྡོ་རྗེས་བགྲང་བྱ་བཞི་བཅུ་ཙམ་གྱི་ལང་ཚོ་མཚོ་བོད་ས་མཐོར་སྐྱེས་སུ་ཕུལ་ཏེ་བྱང་ཐང་མི་མེད་ལུང་སྟོང་ནས་བོད་ལྷོའི་རི་མཐོ་རོང་གཟར་བར་གཏེར་ཁ་འཚོལ་ཕྱིར་ཁོང་གི་རྐང་རྗེས་བོད་ཀྱི་རི་ཆུ་ཁྲི་སྟོང་ཐོག་བཞག་ནས་རང་རྒྱལ་གྱི་ས་གཤིས་རིགས་པའི་གཞུང་ལུགས་གསར་གཏོད་དང་ས་གཤིས་གཏེར་འཚོལ་ལ་ཐོད་བརྒལ་ཡོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་རྒྱལ་ས་གཤིས་ཚན་རིག་གི་མཚན་སྙན་མཐོ་ཤོས་ཏེ། ལི་སི་ཀོང་ས་གཤིས་ཚན་རིག་བྱ་དགའ་དང་། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས། རྒྱལ་ཡོངས་ཕུལ་བྱུང་གི་ཆེད་ལས་ལག་རྩལ་ཤེས་ལྡན་པ་སོགས་ཀྱི་མཚན་སྙན་བགྲང་གི་མི་ལངས་བ་ཐོབ་མྱོང་ཡོད།

    ས་གཤིས་བྱ་བར་ལེགས་སྐྱེས་ཕུལ།

    འབད་འབུངས་ལྷོད་མེད་བྱས། ཁ་བཤད་ལག་ལེན་བསྟར།

    ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲིར་བདམས་ཐོན་བྱུང་རྗེས་རྡོ་རྗེས་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ས་གཤིས་གཏེར་ཐོན་རྩད་ཞིབ་གསར་སྤེལ་ཅུས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་དང་། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་སོགས་ཀྱི་གོ་གནས་བཞེས་མྱོང་ཡོད། ཐོབ་ཐང་ལ་འགྱུར་བ་ཐེངས་མང་ཕྱིན་པས་རྡོ་རྗེས་ས་གཤིས་རྩད་ཞིབ་དང་བོད་ཀྱི་ས་ཆའི་སྐོར་གྱི་བསམ་གཞིག་ཀྱང་རྒྱལ་ཁབ་ཀྱི་བྱ་གཞག་ནང་དུ་བཅུག

    2010ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཏོན་པའི་བོད་དེ“གལ་ཆེའི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞིར”འགྱུར་བ་བྱེད་དགོས་ཞེས་པ་དེ་ལས་རྡོ་རྗེའི་སྙིང་སྟོབས་རབ་ཏུ་འཕེལ། ཁོང་གིས་གསོག་འཇོག་རྟེན་གཞིས་རྒྱལ་སྤྱིའི་འབྲེལ་ཡོད་གཏེར་ཐོན་ཐོན་ཁུངས་ཀྱི་རིན་གོང་གྲོས་མོལ་བྱེད་སྐབས་ཀྱི་ཀྲུང་གོའི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་ཐུབ་པའི་ངོས་འཛིན་བྱས།

    དོན་དེའི་སླད་དུ་རྡོ་རྗེས་བརྟག་ཞིབ་གང་ལེགས་བྱས་པ་བརྒྱུད་སྣེ་ཁྲིད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་བོད་ལྗོངས་ས་མཐོའི་ཐོན་ཁུངས་རྩད་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན། རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་ས་གཤིས་གཏེར་ཐོན་ཞིབ་བཤེར་དང་དཔྱད་བརྗོད་ཀྱི་ཆེད་དོན་རྣམ་གྲངས་བཙུགས་པ་དང་མིག་སྔར་ཚན་ཞིབ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད།

    རྡོ་རྗེས། བོད་ནི་ངའི་ཕ་ཡུལ་ཡིན་པ་དང་ཕ་ཡུལ་ནས་རྒྱལ་ཁབ་ལ་གསོག་འཇོག་ཐོན་ཁུངས་རྩད་ཞིབ་བྱེད་ཐུབ་པ་ནི་མི་ཚེ་གཅིག་རིང་དགའ་བ་སྐྱེ་འོས་པ་དང་སྤོབས་པ་སྐྱེ་འོས་པའི་བྱ་གཞག་ཅིག་རེད་ཅེས་བརྗོད།

    ད་ཆ་རྒན་ཡོལ་ཞུས་ཟིན་པའི་རྡོ་རྗེས་རང་གི་ནུས་ཤུགས་དེ་བས་མང་བ་རྗེས་གྲབས་ཤེས་ལྡན་པ་གསོ་སྐྱོང་བྱ་ཕྱིར་འབུལ་བཞིན་ཡོད། ཁོང་གིས་བལྟས་ནས་མི་ཚང་མས་རང་ཉིད་ཀྱི་ལས་གནས་ཐོག་ནས་རྒྱལ་ཁབ་དང་མི་དམངས་ལ་ལེགས་སྐྱེས་འབུལ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཁོང་ལ་སློབ་སྦྱོང་དང་ཡར་རྒྱས་ཀྱི་གོ་སྐབས་གནང་བ་ཞིག་ཡིན་པས། ཡུལ་དུས་གང་དུའང་རང་ལུས་ཀྱིས་མ་ལྕོགས་བར་འབད་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད།

    རྡོ་རྗེས། མཚོ་བོད་ས་མཐོ་ནི་ས་གོ་ལར་ཞིབ་འཇུག་བྱེད་པའི་སྐར་ཁུང་ལྟ་བུ་ཡིན་པ་དང་ས་ཁམས་ཀྱི་སྣང་ཚུལ་མང་པོ་འཛམ་གླིང་ས་ཕྱོགས་གང་ནས་ཀྱང་རྙེད་ཐབས་མེད་པས། ན་གཞོན་ས་གཤིས་ལས་དོན་པ་དེ་བས་མང་བ་གངས་ལྗོངས་ས་མཐོར་གཞིས་ཆགས་ནས་བྱ་གཞག་དོན་གཉེར་བྱེད་པའི་རེ་བ་ཡོད་ཅེས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།