[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་བྱུང་རིམ།
  • “སྤྱན་བསལ”ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་རགས་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-29

         “སྤྱན་བསལ”གྱི་མཚན་སྙན་ཐོབ་མཁན་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་བྱུང་བ་དང་། གནད་དུ་འཁེལ་པོས་བཤད་ན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་སྲིད་སྐྱོང་སྐབས། ཁོང་གི་སྐུ་བཅར་དཔོན་རིགས་ཁྲོད “སྤྱན་བསལ”ཐོགས་པའི་མི་སྣ་ཡོད་པ། དཔེར་ན། སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་དང་། སྤྱན་བསལ་གནམ་གང་། སྤྱན་བསལ་ལུང་ཤར། སྤྱན་བསལ་མི་རོ་བརྒྱ་པ་སོགས་མང་པོ་བྱུང་ཡོད། དེ་དང་དུས་མཚུངས་པཎ་ཆེན་སྐུ་ཕྲེང་དགུ་པའི་ཕྱག་ཕྱིའི་ཁྲོད་དུ“སྤྱན་བསལ”ཐོགས་པའི་མི་སྣ་བྱུང་ཡོད་པ། དཔེར་ན། <<པཎ་ཆེན་སྐུ་ཕྲེང་དགུ་པ་མེས་རྒྱལ་ནང་ཁུལ་དུ་གསང་ཕེབས་ཀྱི་སྔ་རྗེས>>ཞེས་པའི་ནང་དུ། པཎ་ཆེན་སྐུ་ཕྲེང་དགུ་པ་དང་ལྷན་དུ་རྒྱལ་ནང་དུ་འགྲོ་མཁན་གྱི་སྐྱ་སེར་དཔོན་རིགས་དང་ཞབས་འབྲིང་གི་ཁྲོད་དུ། དྲུང་ཆེ་སྐུ་གཞོན་མདངས་ཆེན་ཚེ་རྡོར་དང་། སྤྱན་བསལ་དཀའ་ཆེན་ཆོས་འཕེལ། སྤྱན་བསལ་ཕུར་བུ་ཚེ་རིང་སོགས་ཡོད(<<བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས>>འདོན་ཐེངས་བཞི་པར་གསལ) ང་ཚོས“སྤྱན་བསལ”གྱི་མིང་ཐོབ་མཁན་ཚོའི་ཐོབ་ཐང་ལ་དཔྱད་ན། ཁོང་ཚོའི་ཁྲོད་དུ་གོ་གནས་ཧ་ཅང་མཐོ་བའི་དཔོན་རིགས་ཡོད་པ། དཔེར་ན། སྔོན་ཆད་བོད་ཀྱི་བོད་དམག་དམག་སྤྱི་དང་། བཀའ་བློན། ཛ་སག་བཅས་གནང་མྱོང་མཁན་གྱི་སྤྱན་བསལ་གནམ་གང (ཚ་རོང་ཟླ་བཟང་དགྲ་འདུལ)དང་། རྩིས་དཔོན་གནང་མྱོང་མཁན་གྱི་ལུང་ཤར་རྡོ་རྗེ་ཚེ་རྒྱལ། གྲོ་མོའི་སྤྱི་ཁྱབ་གནང་མྱོང་མཁན་གྱི་མི་རོ་བརྒྱ་པ་སོགས་དང་། གོ་གནས་དངོས་སུ་མེད་ཀྱང་དམིགས་བསལ་གྱི་དབང་ཆ་མང་དག་བཟུང་མཁན་གྱི་སྐུ་བཅར་ཡང་ཡོད་པ། དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་སྐུ་ཚེའི་སྨད་ཀྱི་བློ་གཏད་ས་སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་དང་། སྤྱན་བསལ་བཀྲ་ཤིས་དོན་གྲུབ་སོགས་ཡོད། གོང་གསལ་ལས“སྤྱན་བསལ”ཞེས་པ་ནི་ཁྱིམ་རྒྱུད་ཀྱི་མིང་མིན་ལ། རུས་དང་དཔོན་གནས་ཀྱི་མིང་ཡང་མིན་པར། “སྤྱན་བསལ”ཞེས་པའི་མིང་དེ་ནི་ཏཱ་ལའི་བླ་མ་དང་། པཎ་ཆེན། བོད་ས་གནས་སྲིད་གཞུང་སོགས་ཀྱིས་རྒྱུན་སྲོལ་དང་གོ་རིམ་ལ་གཞིགས་ནས་གནང་བ་ཞིག་མིན་པ་གཏན་འཁེལ་ནས་བརྗོད་ཆོག འོ་ན་གང་འདྲ་ཞིག་ལ “སྤྱན་བསལ”ཟེར་བ་དང “སྤྱན་བསལ”ཟེར་བ་ཇི་ལྟར་བྱུང་རེད་དམ་ཟེར་ན། 

    ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ལུགས་གཉིས་ཀྱི་འགན་མ་བཞེས་པའི་གོང་གི་བོད་ཀྱི་ལོ་རྒྱུས་ཐོག  མིང་གི་མདུན་དུ“སྤྱན་བསལ”བཏགས་པའི་མི་སྣ་མེད་པས། དེའི་འབྱུང་ཁུངས་གང་ཡིན་ར་སྤྲོད་བྱ་རྒྱུ་ཤིན་ཏུ་དཀའ་མོད། འོན་ཀྱང་། “སྤྱན་བསལ”དང་དོན་འདྲ་བའི་ཐ་སྙད“སྤྱན་སྔ” ཞེས་པ་བོད་ཀྱི་ལོ་རྒྱུས་ནང་དུ་མི་ཉུང་བ་ཞིག་ཐོན་ཡོད་པ། དཔེར་ན། སྤྱི་ལོ་1240ལོར། དམག་དཔོན་དོར་རྟ་ནག་པོ་སོག་པོའི་རྒྱལ་པོ་གོ་དན་གྱི་བཀའ་བཞིན་བོད་དུ་དམག་ཁྲིད་ནས་ཡོང་སྐབས། རང་འགུལ་ངང་དོར་རྟ་ནག་པོ་དང་འབྲེལ་བ་བྱེད་མཁན་དང་། དོར་རྟ་ནག་པོའི་བརྩིའཇོག་དང་གུས་བཀུར་ཚད་མེད་ཐོབ་ཅིང་། རྒྱལ་པོ་གོ་དན(阔端)ལ་ཕུལ་བའི་སྙན་ཞུའི་ནང་། དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ། ངོ་སྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་ཆོས་རྗེ་ཆེ། ཆོས་ནི་ས་སྐྱ་པཎྜི་ཏ་མཁས་ཞེས་པའི་ནང་ཆེད་དུ་བཏོན་གནང་བའི་སྤྱན་སྔ་གྲགས་པ་འབྱུང་གནས་མཆོག་ནི། སྤྱི་ལོ་1356ལོར་འཁྲུངས་པ་དང་། རྗེ་ཙོང་ཁ་པ་ལ་སོགས་པའི་སྐྱེས་ཆེན་དམ་པ་ལ་གདམས་པ་གནང་མྱོང་། དེ་བཞིན“སྤྱན་སྔ” ཞེས་པའི་མཚན་སྙན་ཐོབ་མཁན་རྗེ་ཙོང་ཁ་པས་བརྩམས་གནང་བའི<<སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྣམ་ཐར>>ནང་གི་ཕག་གྲུའི་སྲིད་རབས་གསུམ་པ་སྤྱན་སྔ་གྲགས་པ་བྱང་ཆུབ་ལ་སོགས་པ་ཡོད། 

    སྤྱི་ལོ་846—1276ལོའི་བར་ནི་བོད་སིལ་བུར་གནས་པའི་དུས་ཚོད་ཡིན། དམིགས་བསལ་གྱི་དུས་མཚམས་དེའི་རིང་ཆོས་ལུགས་ཀྱི་སྟོབས་ཤུགས་འཇིག་རྟེན་ལུགས་ཀྱི་སྟོབས་ཤུགས་ལས་ཆེ་བ་ཡོད་པ་དང་། ཆོས་ལུགས་མི་སྣའི་དབང་ཆ་ཡང་འཇིག་རྟེན་པའི་དབང་ཆ་ལས་ཆེ་བ་ཡོད། ཆོས་ལུགས་གྲུབ་མཐའ་ཁག་གིས་རང་གི་སྟོབས་ཤུགས་དེ་དད་ལྡན་མང་ཚོགས་ཁྲོད་ཀྱི་ཁྱབ་ཚད་ལ་གཞིགས་ནས།  རང་གི་སྟོབས་ཤུགས་ཁྱབ་ཚད་རྒྱ་སྐྱེད་བཏང་སྟེ་ས་གནས་ཁག་གི་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད། ཆོས་ལུགས་མི་སྣ་དང་ལྷག་པར་དུ་སྐྱེས་ཆེན་དམ་པ་ཚོས་ཆོས་ཀྱི་སྙིང་པོ་ཁྱབ་སྤེལ་བྱེད་མཁན་དང་། དགོན་པ་དོ་དམ་བྱེད་མཁན། དམ་པའི་ལྷ་ཆོས་ལ་ལམ་སྣེ་འཁྲིད་མཁན་བཅས་བྱེད་དགོས་པ་མ་ཟད། ས་ཆ་ཞིག་གི་མང་ཚོགས་ལ་དོ་དམ་བྱེད་མཁན་གྱི་ས་གནས་དཔོན་པོའི་ནུས་པའང་འདོན་གྱི་ཡོད། སྐྱེས་ཆེན་དམ་པར་འཇིག་རྟེན་པའི་དབང་ཆ་དངོས་མེད་མོད། འོན་ཀྱང་། ནང་བསྟན་གྱི་བསྟན་བཅོས་ཁག་ལ་སློབ་གཉེར་ལེགས་པར་བྱས་པའི་ཤེས་བྱ་དང་ལག་ལེན་ལ་གཞིགས་ཏེ། ས་ཆ་ཞིག་གི་མང་ཚོགས་ཚོའི་དད་པ་བྱ་ཡུལ་དུ་འགྱུར་ཏེ། འཇིག་རྟེན་པའི་ལས་དང་ཁ་བྲལ་ཐབས་མེད་པ་ཆགས།  ཁོ་ཚོར་བློས་འགེལ་ཆོག་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་མི་ཞིག་གིས་རང་གི་ཚབ་བྱས་ནས་ལས་དོན་སྒྲུབ་དགོས་ཀྱི་ཡོད་པར་བརྟེན “སྤྱན་སྔ” ཞེས་པའི་ཐ་སྙད་ཐོགས་པའི་མི་སྣ་དེ་བྱུང་བ་རེད། 

       འདིར་གཟི་བརྗིད་ནི་འབྲི་གུང་ཆོས་རྗེ་ཆེ་ཞེས་པའི་འབྲི་གུང་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་མཚན་ཐོབ་ཚུལ་ལ་རགས་ཙམ་དཔྱད་པར་བྱའོ། 

     སྤྱན་སྔ་གྲགས་པ་འབྱུང་གནས་ནི་རླངས་ཀྱི་གདུང་རྒྱུད་ཡོན་ཆེན་རྒྱལ་བ་སྐྱབས་ཀྱི་སྲས་ཤིག་ཡིན་པ་དང་།  གྲགས་པ་འབྱུང་གནས་ཀྱིས་ཕག་གྲུ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ་ཕག་གྲུ་རྡོ་རྗེ་རྒྱལ་པོའི་དངོས་སློབ་སྐྱོབ་པ་འཇིག་རྟེན་མགོན་པོ་བཤེས་གཉེན་དུ་བསྟེན་ནས་སློབ་གཉེར་བྱས་ཤིང་། རྗེས་ལ་སྐྱོབ་པ་འཇིག་རྟེན་མགོན་པོའི་བཀའ་བཞིན་ཕག་གྲུའི་གདན་ས་ཐེལ་སྐྱོང་གནང་མཛད། དུས་དེ་ནས་བཟུང་། རླངས་ཀྱི་གདུང་རྒྱུད་ཀྱིས་ཕག་གྲུའི་གདན་ས་ལ་དོ་དམ་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་གཏོང་རྒྱུའི་འགན་འཁུར་བས། ཕག་གྲུ་བཀའ་བརྒྱུད་ཀྱི་རྒྱུན་འཛིན་དང་རླངས་ཀྱི་ཁྲག་རྒྱུད་དམ་པོར་འབྲེལ་ནས་ཕག་གྲུ་རླངས་ཀྱི་གདུང་རྒྱུད་ཆགས། གྲགས་པ་འབྱུང་གནས་ལ“སྤྱན་སྔ”ཞེས་པའི་འབོད་སྲོལ་བྱུང་ཚུལ་ཐད<<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ>>དང<<དུང་དཀར་ཚིག་མཛོད་ཆེན་མོ>><<དེབ་ཐེར་དམར་པོ>>སོགས་ཀྱི་ནང་དུ་གཅིག་མཐུན་གྱི་འགྲེལ་བཤད་རྒྱག་སྟངས་ཤིག་ཡོད་པ་སྟེ། བུ་རྒན་པ་གྲགས་པ་འབྱུང་གནས་བོད་རབ་བྱུང་གསུམ་པའི་ཤིང་ལུག་ལོ་སྟེ་སྤྱི་ལོ་1175ལོར་འཁྲུངས་ཤིང་། ཁོང་གིས་ལོ་17རིང་འབྲི་གུང་སྐྱོང་པ་འཇིག་རྟེན་མགོན་པོའི་ཞབས་ལ་གཏུགས་ནས་སློབ་གཉེར་བྱས་ཤིང་། དེའི་རིང་བཤེས་གཉེན་དང་ལྷན་དུ་ལུས་དང་གྲིབ་མ་ཇི་བཞིན་འགྲོགས་པས“སྤྱན་སྔ”ཞེས་པའི་འབོད་སྲོལ་བྱུང་། རྗེས་ལ“སྤྱན་སྔ”ནི་ཕག་གྲུའི་གདུང་རྒྱུད་ཀྱིས་གདན་ས་ཐེལ་འཛིན་སྐྱོང་གནང་མཁན་དང་། འབྲི་གུང་བའི་བླ་མའི་མཚན་གནས་འཛིན་མཁན་དུ་གྱུར། སྤྱན་སྔ་གྲགས་པ་འབྱུང་གནས་དགུང་ལོ་34ཕེབས་སྐབས་སྐྱོབ་པ་འཇིག་རྟེན་མགོན་པོས་གཟེངས་བསྟོད་ཆེན་པོ་གནང (<<རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ>>ལ་གཞིགས་ན། སྐྱོབ་པ་འཇིག་རྟེན་མགོན་པོས་གྲགས་པ་འབྱུང་གནས་ཕར་དགེ་རྒན་དུ་བསྟེན་ཞིང་། ཁོང་གདན་ས་ཐེལ་འཛིན་པར་མངགས) ནས་ཕག་མོ་གྲུ་པའི་ཁྲི་འཛིན་པར་མཛད། སྤྱན་སྔ་གྲགས་པ་འབྱུང་གནས་དགུང་ལོ་72 བར་བཞུགས་ཤིང་། དེའི་རིང་འབྲི་གུང་གི་གདན་ས་གཅིག་ལྕོགས་སུ་འཛིན། དེས་ན“སྤྱན་སྔ”ཞེས་པའི་འབོད་སྲོལ་དེ་སྐབས་དེ་དུས་དངོས་སུ་གཏན་འཁེལ་བ་ཤེས་གསལ་རེད། “སྤྱན་སྔ”ཐོབ་མཁན་གྱི་སྐྱེས་བུ་གྲགས་པ་འབྱུང་གནས་གཅིག་པུ་མིན་པར། དེའི་སྔོན་དུ“སྤྱན་སྔ”ཐོབ་མཁན་གྱི་སྐྱེས་བུ་བྱུང་མྱོང་ཡོད། ཁོང་ནི་བཀའ་གདམས་པའི་སྲོལ་གཏོད་པ་པོ་འབྲོམ་སྟོན་པའི་དངོས་སློབ་བཀའ་གདམས་སྐུ་མཆེད་གསུམ་གྱི་ཡ་གྱལ་སྤྱན་སྔ་ཚུལ་ཁྲིམས་འབར་ཞུ་བ་དེ་ཡིན། སྐྱེས་བུ་དམ་པ་ཁོང་ནི་སྤྱི་ལོ་1083ལོར་འཁྲུངས་པ་དང་།  སྐུ་ཆུང་ངུའི་དུས་སུ་སྟོད་ལུང་དུ་མལ་ཤེས་རབ་སེམས་དཔའ་བཤེས་གཉེན་དུ་བསྟེན་ནས་རབ་ཏུ་བྱུང་། དགུང་ལོ་ཉི་ཤུ་པར་རྭ་སྒྲེང་དུ་བྱོན་ནས་འབྲོམ་སྟོན་པ་བཤེས་གཉེན་དུ་བསྟེན་ཞིང་། འབྲོམ་སྟོན་པས་ཁོང་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གདམས་པ་གནང་། ཁོང་ལ“སྤྱན་སྔ”ཞེས་པའི་འབོད་སྲོལ་བྱུང་ཞིང་། སྐྱེས་བུ་ཁོང་ནང་ཆོས་ཐད་མཁྱེན་རྒྱ་ཆེ་ཞིང་ཐུགས་རབ་ཤིན་ཏུ་ཆེ་བ་མ་ཟད། ལོ་ཙཱ་ལའང་ཤིན་ཏུ་མཁས། <<རྒྱ་བོད་ཚིག་མཛོད་ཆེན་མོ>>ཡི་ནང་དུ། སྤྱན་སྔ་བ་ཚུལ་ཁྲིམས་འབར(1038 —1103)རྣལ་འབྱོར་ཆེན་པོའང་བསྟེན་ནས་བདེན་གཉིས་ཀྱི་ཁྲིད་ཀྱིས་ཆོས་ཀྱི་བདག་མེད་ཕྲ་མོ་ལ་འཁྲིད་པར་མཛད་དེ། བཀའ་གདམས་པའི་གདམས་ངག་པའི་སྲོལ་བཏོད། གསང་སྔགས་འཆིང་བ་དང་སྒོམ་སྒྲུབ་ལའང་གནད་ཆེར་མནོས། ལོ་ཙཱ་ལའང་མཁས། ཤམ་ཐབས་ལ་ཀོ་བའི་ལྷན་པ་མང་པོ་བཏབ་པས་ཀོ་ཤམ་པར་གྲགས་ཞེས་གསལ། དབྱེ་ཞིབ་ལྟར་ན། “སྤྱན་སྔ”ཞེས་པའི་འབོད་སྲོལ་ཐོག་མར་ཐོབ་མཁན་ནི་སྤྱན་སྔ་ཚུལ་ཁྲིམས་འབར་ཡིན་ཡང་། ཚུལ་ཁྲིམས་འབར་དགོངས་པ་རྫོགས་རྗེས“སྤྱན་སྔ”ཞེས་པའི་འབོད་སྲོལ་དེ་འབྲི་གུང་སྤྱན་སྔ་ཇི་བཞིན་རྒྱུན་འཇིན་མ་ཐུབ་པར་བརླགས་པ་རེད། 

        སྤྱན་སྔ་གྲགས་པ་འབྱུང་གནས་ནས་བཟུང“སྤྱན་སྔ”ཞེས་པའི་འབོད་སྲོལ་དེ་ཕག་མོ་གྲུ་པའི་འཛིན་པ་པོའི་མིང་དུ་ཆགས། འབོད་སྲོལ་དེ་སྐབས་དེར་བོད་ཡོངས་ལ་ཁྱབ་གདལ་དུ་ཕྱིན་མེད་པས། འབོད་སྲོལ་དེ་ཕག་མོ་གྲུ་པར་ཆེད་དུ་དབང་བའི་མིང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། དེ་དང་དུས་མཚུངས་ཀྱི་ནང་དུ “སྤྱན་སྔ”ཐོབ་མཁན་གྱི་སྐྱེས་ཆེན་དམ་པ་ཞིག་ཐོན་ཡོད <<གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ>>ལ་གཞིགས་ན། སྤྱན་སྔ་རིན་ཆེན་ལྡན་ནི། སྤྱི་ལོ་1202ལོར་དིང་རིར་འཁྲུངས་པ་དང་། དགུང་ལོ་ལྔ་དྲུག་སྐབས་ནས་དམ་པའི་ཆོས་ལ་དད་ཞེན་དྲག་པོ་འཁྲུངས། ཕྱིས་ལྷ་གདོང་པ་ལོ་ལྔ་བཞེས་པ་དིང་རིར་བཞུགས་པ་དང་མཇལ་བ་དང་། མོས་གུས་ཐུན་མོང་མིན་པ་བྱུང་། དེ་ནས་ཕ་ཇོ་སྟོན་པ་ལས་འབྲི་ཀློག་ལ་སོགས་པ་གསན་སྦྱོང་མཛད། ལྷ་གདོང་པ་དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་སླར་མཇལ་བས་དགོངས་པ་མ་རྫོགས་བར་ཕྱག་ཕྱིར་འབྲངས་ཏེ་ཞི་བ་གཤེགས་ཀྱི་བར་ལོ་ངོ་35རིང་ཞག་གཅིག་དང་མ་བྲལ་བར་སྤྱན་སྔར་བཞུགས་པས་སྤྱན་སྔ་པར་གྲགས། སྤྱན་སྔ་གྲགས་པ་འབྱུང་གནས་དང་། སྤྱན་སྔ་ཚུལ་ཁྲིམས་འབར། སྤྱན་སྔ་རིན་ཆེན་ལྡན་སོགས་ཀྱི“སྤྱན་སྔ”ཞེས་པའི་མཚན་སྙན་གྱི་འབྱུང་ཁུངས་སྤྱིར་གཅིག་མཚུངས་ཡིན་པ་སྟེ།  སྐྱེས་ཆེན་དམ་པའི་འགྲམ་དུ་གཟུགས་དང་གྲིབ་མ་ཇི་བཞིན་ཡུན་རིང་ཁ་མ་བྲལ་བས་གཟེངས་བསྟོད་ཆེན་པོ་ཐོབ་ཅིང་། ཕྱོགས་གཅིག་ནས་སྐྱེས་ཆེན་དམ་པའི་ཞབས་ལ་གཏུགས་ནས་བཤེས་གཉེན་བསྟེན་པ་དང་། ཕྱོགས་གཞན་ཞིག་ནས། བཤེས་གཉེན་དང་འབྲལ་མེད་དུ་གཟིམ་གཡོག་ཞུ་མཁན་ཞིག་ཡིན། 

        སྐྱེས་ཆེན་དམ་པར་རྗེས་འབྲངས་པ་མང་པོ་ཡོད་ཀྱང་། “སྤྱན་སྔ”ཐོབ་མཁན་མང་པོ་མཐོང་རྒྱུ་མེད། དེར་བརྟེན། “སྤྱན་སྔ”ཞེས་པའི་འབོད་སྲོལ་དེ་སྔོན་དུས་ཀྱི་མངའ་བདག་དང་བླ་མ་དག་གི་ཕྱག་ཕྱི་ཙམ་མིན་པར། གཙོ་བོ་ནི་གཟི་བརྗིད་དང་ཐོབ་ཐང་གི་མཚོན་རྟགས་ཤིག་ཡིན། མང་ཆེ་བའི་སྐབས་སུ། སྐྱེས་ཆེན་དམ་པའི་གཟེངས་བསྟོད་ཆེན་པོ་ཐོབ་མཁན་ལ“སྤྱན་སྔ”ཞེས་པའི་མཚན་སྙན་གསོལ་གྱི་ཡོད། “སྤྱན་སྔ”ཡིས་གང་གི་བླ་མའི་ཚབ་ཞུས་ནས་བཀའ་རྒྱ་གཏོང་ཆོག་པ་མ་ཟད། བླ་མའི་མཚན་གནས་རྒྱུད་འཛིན་ཡང་བྱེད་ཆོག་གི་ཡོད(དཔེར་ན། སྐྱོབ་པ་འཇིག་རྟེན་མགོན་པོ་དགོངས་པ་རྫོགས་རྗེས་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་འབྲི་གུང་གི་མཚན་གནས་འཛིན་པ་ལྟ་བུ) 

      “སྤྱན་བསལ”དང“སྤྱན་སྔ”ཡི་བར་འབྲེལ་བ་ངེས་ཅན་ཞིག་ཡོད་དམ་ཞེ་ན། “སྤྱན་བསལ”ནི  “སྤྱན་སྔ”ཡི་འབོད་སྲོལ་ནས་རིམ་བཞིན་འགྱུར་བ་ཕྱིན་ཏེ་བྱུང་བ་ཞིག་རེད།

      “སྤྱན་བསལ”ཞེས་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་གསར་དུ་དར་བའི་འབོད་སྲོལ་ཞིག་ཡིན་པ་ངོས་འཛིན་བྱེད་ཅིང  “སྤྱན་བསལ”ནི་སྐབས་དེར་གོང་ས་མཆོག་གིས་གཅེས་སྐྱོང་ཆེན་པོ་ཐོབ་པའི་མི་ལ་ཆེད་དུ་འབོད། ཕྱིས་སུ་ལད་མོ་བྱས་པའམ་ཤུགས་རྐྱེན་ཐེབས་པའི་དབང་གིས། པཎ་ཆེན་སྐུ་ཕྲེང་དགུ་པའི་ཕྱག་ཕྱིའི་ནང་དུའང  “སྤྱན་བསལ”ཐོབ་མཁན་བྱུང་ཡོད་པ་རེད  “སྤྱན་བསལ”གྱི་མཚན་སྙན་ཐོབ་མཁན་གྱི་ཁྲོད་ནས་སྐད་གྲགས་ཆེ་ཤོས་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་མཆོག་གི་ཚེ་མཇུག་གི་བློ་གཏོད་ས་སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་ཡིན་པར་ཐེ་ཚོམ་མེད། ཐུབ་བསྟན་ཀུན་འཕེལ་ནི་ཞིང་བྲན་དཀྱུས་མ་ཞིག་གི་ཁྱིམ་ཚང་དུ་སྐྱེས་པ་དང་། ལོ་12ཀྱི་སྐབས་སུ། བོད་ས་གནས་སྲིད་གཞུང་གིས་ཁོང་ནོར་བུ་གླིང་ཁར་ཡི་གེ་འབྲི་མཁན་དང་ལྷུམ་ར་ལྟ་མཁན་དུ་བསྡུས། རྗེས་ལ་རང་གི་འབད་བརྩོན་དང་ཤེས་རབ་ལ་བརྟེན་ནས་ཀུན་ལས་འབུར་དུ་ཐོན་པས། ཏཱ་ལའི་བླ་མ་མཆོག་གི་དོ་སྣང་དང་མཐོང་ཆེན་ཐོབ། དུས་ཚོད་རིམ་བཞིན་ཕྱིན་པ་དང་བསྟུན་ནས་ཁོང་ཏཱ་ལའི་བླ་མ་མཆོག་གི་སྐུ་བཅར་དུ་གྱུར་བ་མ་ཟད། གོང་ས་མཆོག་གིས་ཁོང་ལ་གནང་བའི་དབང་ཆ་ཉིན་རེ་བཞིན་ཆེ་རུ་ཕྱིན་པས། “ཀུན་འཕེལ་ལགས”ཀྱི་མཚན་སྙན་དང་དབང་ཆ་ཇེ་ཆེར་ཕྱིན། སྤྱི་ལོ་1930ལོར་སླེབས་སྐབས། ཁོང་ནི་གོང་ས་མཆོག་ཕུད་པའི་དབང་ཆ་ཆེ་ཤོས་སུ་གྱུར། ཁོང་སྐུ་བཅར་དུ་གྱུར་རྗེས། མི་ཚོས་ཁོང་ལ་སྤྱན་བསལ་ཀུན་འཕེལ་ལགས་ཞེས་ཞུ་བ་ལས་ཐུབ་བསྟན་ཀུན་འཕེལ་ཞེས་ཐད་ཀར་མིང་ནས་འབོད་མཁན་ཤིན་ཏུ་ཉུང་བ་མ་ཟད། ཐ་ན། ཐུབ་བསྟན་ཀུན་འཕེལ་གྱིས་འགན་ཁུར་ནས་བཞེངས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་ཕོ་བྲང་ལའང“སྤྱན་བསལ་ཕོ་བྲང”ཞེས་འབོད་ཀྱི་ཡོད། 

      ཐུབ་བསྟན་ཀུན་འཕེལ་གྱི་གོང་དུ་སྐད་གྲགས་ཆེ་ཞིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་གཟིགས་སྐྱོང་ཆེན་པོ་ཐོབ་མཁན་ཞིག་ལ“སྤྱན་བསལ་གནམ་གང”ཞེས་འབོད་པ་དང་། ཁོང་ནི་རྗེས་ཀྱི་ཚ་རོང་ཟླ་བཟང་དགྲ་འདུལ་ཞུ་བ་དེ་ཡིན་པ་རེད།  

     ཟླ་བཟང་དགྲ་འདུལ་ནི་ཕུར་བུ་ལྕོག་བླ་བྲང་གི་མི་སེར་དཀྱུས་མ་ཞིག་གི་བུ་ཡིན་པ་དང་། འཚོ་བ་ལ་དཀའ་ཁག་ཆེན་པོ་འཕྲད་པས་བྲོས་བྱོལ་ཐེངས་མ་ཁ་ཤས་བྱས་ཤིང་། ཕྱིས་སུ་ཕོ་བྲང་པོ་ཏ་ལའི་རྩེ་དྲུང་གིས་དགེ་ཕྲུག་ཏུ་ཉར།  ཁོང་ནི་བློ་རིག་བཀྲ་བ་དང་། སྟོབས་ཆེ་བ། དཔའ་མཛངས་དང་ལྡན་པ་བཅས་ཡོད་པ་མ་ཟད། ལྷག་པར་དུ། སྤྱི་ལོ་1909ལོར་སི་ཁྲོན“སྐམ་དམག”བོད་དུ་འབྱོར་ནས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་བོད་ནས་བྱོས་བྲོལ་དུ་ཕེབས་སྐབས། ཁོང་གིས་ལྷག་བསམ་དག་ཅིང་དཔའ་ངར་ཆེན་པོས་རྗེས་འདེད་གཏོང་མཁན་ལ་འགོག་སྲུང་བྱས་སྟབས། དེ་ནས་བཟུང་། གོང་ས་མཆོག་གི་གཟིགས་སྐྱོང་ཆེན་པོ་ཐོབ་པ་དང་།  “སྤྱན་བསལ་གནམ་གང”གི་འབོད་སྲོལ་དེ་ཡང་གང་སར་ཁྱབ་པ་དང་། གོང་ས་མཆོག་གིས་ཁོང་སྔ་རྗེས་སུ་བོད་དམག་གི་དམག་སྤྱི། བཀའ་བློན། ཛ་སག་སོགས་སུ་བསྐོས་ནས་མཐོང་ཆེན་གནང་ཡང་། ཕྱིས་སུ་ཟླ་བཟང་དགྲ་འདུལ་གྱིས་དབྱིན་ཇིའི་རྗེས་འབྲངས་པ་བྱས་སྟབས། གོང་ས་མཆོག་གིས་ཁོང་སྣང་མེད་དུ་བཞག  མི་མང་ཆེ་བས “སྤྱན་བསལ”ཞེས་པའི་འབོད་སྲོལ་དེ་ཟླ་བཟང་དགྲ་འདུལ་ནས་འགོ་ཚུགས་ཞེས་བཤད་ཀྱང་། ཕྱིས་སུ་སྤྱན་བསལ་ཐུབ་བསྟན་འཕེལ་གྱི་མཚན་སྙན་ཆེ་བ་བྱུང་བ་རེད།  

    “སྤྱན་བསལ”ཞེས་པའི་ཐ་སྙད<<རྒྱ་བོད་ཚིག་མཛོད་ཆེན་མོ>>ཡི་ནང་དུ། སྤྱན་བསལ་ནི་མིག་སྔའམ་མིག་གི་མདུན་ཞེས་འགྲེལ་ཡོད། ཡང <<བོད་ཡིག་ཚིག་མཛོད>>ཀྱི་ནང་དུ། དཔོན་པོའི་མིག་ནང་དུ་དམིགས་བསལ་གྱི་འཇུག་པ་ཡོད་པའི་མི་ཞེས་འགྲེལ་ཡོད། སྤྱན་བསལ་གནམ་གང་ནི་གོང་ས་མཆོག་གིས་གཟིགས་སྐྱོང་ཆེན་པོ་གནང་སའི་མི་ཞིག་ཡིན། ཁོང་ནི་འཚོ་བའི་དོན་དུ་གང་སར་ཡར་རྒྱུག་མར་རྒྱག་བྱེད་མཁན་ཞིག་ནས་སྐབས་དེའི་བཀའ་ཤག་སྲིད་གཞུང་གི་བཀའ་བློན་དང་བོད་དམག་གི་དམག་སྤྱི་གཅིག་ལྕོགས་ཤིག་ཏུ་གྱུར། སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་ནི་གོང་ས་མཆོག་གིས་གཟིགས་སྐྱོང་ཆེན་པོ་གནང་བའི་སྐུ་བཅར་ཞིག་ཡིན་པ་དང་། ཁོང་ཡང་དབུལ་ཞིང་ཕོངས་པའི་ཞིང་བྲན་གྱི་བུ་ཕྲུག་ཅིག་ནས། དཔོན་གནས་དངོས་མེད་ཀྱང་། གོང་ས་མཆོག་གི་བློས་འགེལ་ས་དང་དོན་དངོས་ཀྱི་དབང་ཆ་ཆེན་པོ་ཡོད་མཁན་ཞིག་ཏུ་གྱུར་བས། གོང་ས་མཆོག་ཕུད་པའི་དབང་ཆ་ཆེ་ཤོས་ཡོད་མཁན་ཞིག་ཏུ་གྱུར།  

       “སྤྱན་སྔ”དང“སྤྱན་བསལ”གྱི་འབྱུང་ཁུངས་ལ་གཞིགས་ན། ང་ཚོས་མིང་ཚིག་དེ་གཉིས་དབར་གཅིག་མཚུངས་ཀྱི་ཚིག་དོན་དང་གཞན་ཐད་ཀྱི་ཐུན་མོང་གི་ཁྱད་ཆོས་ཡོད་པ་ཤེས་ཐུབ་སྟེ “སྤྱན་སྔ”དང“སྤྱན་བསལ”ཐོབ་མཁན་གྱི་སྐྱེ་བོ་དག་ནི།  གཅིག་ནས་སྐྱེས་ཆེན་དམ་པ་དང་སྐུ་དྲག་ཚོས་རྒྱུས་མངའ་ཆེ་ཙམ་ཡོད་མཁན་ཡིན་པ་དང་། གཉིས་ནས་གྲགས་ཅན་གྱི་མི་སྣས་གཟིགས་སྐྱོང་ཆེན་པོ་གནང་བའི་མི་ཡིན་པ། གསུམ་ནས་མི་ཕལ་མོ་ཆེས“སྤྱན་བསལ”ནི་གྲགས་ཅན་མི་སྣ་དེའི“མིག་ནང་གི་མི”ཡིན་པར་ངོས་འཛིན་བྱེད་པ་བཅས་སོ། གཞན་ཡང་ཐུན་མོང་གི་ཁྱད་ཆོས་གལ་ཆེན་ཞིག་ཡོད་པ་ནི “སྤྱན་སྔ”དང“སྤྱན་བསལ”གཉིས་ཀ་སྐྱ་སེར་གྱི་དཔོན་གནས་ཤིག་མིན་ལ། གོ་རིམ་ངེས་ཅན་ཞིག་བརྒྱུད་ནས་གནང་བའི་ཆོ་ལོ་ཞིག་ཀྱང་མིན་པར། དེ་ནི་མི་གཞན་གྱིས་གཟིགས་སྐྱོང་ཐོབ་མཁན་གྱི་ཞབས་ཕྱི་ཚོར་བཏགས་པའི་མིང་ཡིན། མི་འདྲ་བའི་ཆ་ནི།  “སྤྱན་སྔ”ཡིས་མངོན་གསལ་དོད་པོའི་སྒོ་ནས “ཞབས་ཕྱི”ཡི་ནང་དོན་མང་བ་མཚོན་པ་དང “སྤྱན་བསལ”གྱིས་ཐད་ཀར་དང་།  ཕྱི་གསལ་ནང་གསལ། སྒྲོ་འདོགས་བཅས་ཀྱིས “ཀུན་དང་མི་འདྲ་བའི”ནང་དོན་མཚོན་གྱི་ཡོད། “སྤྱན་བསལ”ཞེས་པ་ནི་མི་སྣ་ཞིག་གི་ཐོབ་ཐང “སྤྱན་སྔ”དང་ཆ་འདྲ་བ་ཡོད་པ་གང་ཞིག  “སྤྱན་སྔ”དང་རྦད་དེ་གཅིག་མཚུངས་མིན་པའི་གནས་ཚུལ་འོག་བྱུང་བའི་མིང་ཚིག་གསར་པ་ཞིག་ཡིན། སྟབས་བདེ་ཙམ་བཤད་ན།  “སྤྱན་སྔ”ཞེས་པའི་ཐ་སྙད་ལས་འགྱུར་བ་བྱུང་བ་ཞིག་རེད། མདོར་བསྡུས་ན།  “སྤྱན་སྔ”དང“སྤྱན་བསལ”ཞེས་པའི་མིང་གི་ཐོགས་སྟངས་གཅིག་མཚུངས་ཡིན་ཡང་། ནང་དོན་ཐད་ཁྱད་པར་ཅུང་ཆེ་ཙམ་ཡོད།  “སྤྱན་བསལ”ཐོགས་མཁན་ནི་སློབ་གཉེར་གཙོ་བོར་བཟུང་ནས་ཡུན་རིང་བླ་མའི་ཞབས་ལ་གཏུགས་ཤིང་། ཞབས་ཕྱི་ཧུར་ཐག་ཞུས་ཏེ་གང་དེའི་གདམས་པ་འཐོབ་འདོད་མཁན་ཞིག་མིན་ལ།  “སྤྱན་བསལ”ཕལ་མོ་ཆེ་རབ་བྱུང་བ་མིན།  “སྤྱན་བསལ”ཐོགས་མཁན་ནི་རང་ངོས་ནས་དད་པ་ཡོད་པ་དང་། ངལ་བ་དང་འཁང་ར་མེད་པར་ཅི་གསུང་བཀའ་སྒྲུབ་བྱེད་པ་ཙམ་མ་ཡིན་པར།  གཙོ་བོ་རང་ལ་ཤེས་བྱ་ཡོན་ཏན་དང་། འཇོན་ཐང་ཡོད་མེད། གང་དེའི་ཁྱད་ཆོས། གོང་ས་མཆོག་གི་མི་སྤྱོད་ཀྱི་དགོས་མཁོ་དང་མཐུན་མིན་ལ་རག་ལུས་ཡོད། “སྤྱན་བསལ”ནི་གཙོ་བོ“རྒྱབ་སྐྱོར”ལ་བརྟེན་དགོས། གོང་ས་མཆོག་ལ་བརྟེན་ནས་གང་གི་བྱེད་ཐབས་གསར་པ་སྤེལ་བའི་དགོས་མཁོ་ལ་གཞིགས་ནས། གཙོ་གནད་ཡོད་པའི་ངང་གསོ་སྐྱོང་དང་། ཡོལ་བའི་རྒྱབ་ནས་གར་སྟེགས་ཐོག་ཏུ་ཁྲིད་དེ། མཆོག་ཏུ་གྱུར་བར་བྱེད་པ་མ་ཟད། “སྤྱན་བསལ”གྱི་མཚན་སྙན་ལ་བརྟེན་ནས་རང་གི་འཇོན་ཐང་ཡོངས་སུ་ངོམས་ཏེ་དབང་ཆ་གཙོ་བོར་བཟུང་མཁན་དུ་འགྱུར་རྒྱུ་དེ་ཡིན། “སྤྱན་སྔ”ནི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་བཅངས་ནས་ཡུན་རིང་བླ་མ་དང་འགྲོགས་ཤིང་། ཞབས་ཕྱི་ཞུས་ཏེ། བླ་མའི་དམིགས་བསལ་གདམས་པ་ཞུ་མཁན་ཞིག་ཡིན་པ་དང   “སྤྱན་སྔ”ནི་སྤྱིར “རང་འགུལ་ངང་བརྩོན་ལེན”བྱེད་པ་ཞིག་ཡིན།  (བེན་ཚར་ཟླ་བས་བརྩམས་པའི<<རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་བཅར་ཐུབ་བསྟན་ཀུན་འཕེལ>>ལས་དྲངས། ཉི་ཚེས་བསྒྱུར། ཚེ་ཆོས་ཀྱིས་ཞུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།