[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་བྱུང་རིམ།
  • སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་ཀ་ལོན་སྦུག་ཏུ་གནས་གཡོལ་དུ་ཕེབས་པའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-19

    དེ་སྔོན་ལོ་རྒྱུས་ཐོག་ཏུ་ཏཱ་ལའི་བླ་མ་བཀྲོངས་ཐབས་བྱས་པའི་ལྐོག་གཡོ་མཐིལ་བརྟོལ་ནས་ཆད་པ་ཆེན་པོ་ཕོག་མཁན་བྱུང་། བཀའ་ཤག་ནས་སྤྱི་ལོ་1899ལོའི“བསྟན་རྒྱལ་གླིང་གི་དོན་གནད”ནང་གི་བྱེད་གཏེ་དེ་མོ་ཧུ་ཐོག་ཐུའི་སྐུ་ཚ་ནོར་བུ་ཚེ་རིང་དང་། ལས་རོགས་དོན་ལྡན་འཛིན་བཟུང་བྱས་ནས་བཙོན་དུ་བཅུག་པ་རེད།  མི་རིང་བར། མི་གཅིག་བཙོན་དུ་ཤི་བ་དང་། ཅིག་ཤོས་རང་ཤི་བརྒྱབ་པ་རེད། དེ་མོ་ཧོ་ཐུག་ཐུ་བསྟན་རྒྱས་གླིང་གི་ཁང་ཆུང་ཞིག་གི་ནང་དུ་བཙོན་འཇུག་བྱས་པ་དང་། མི་རིང་བར་དགོངས་པ་རྫོགས།  

    སྐབས་དེར་ཐུབ་བསྟན་ཀུན་འཕེལ་གྱིས“གོང་ས་མཆོག་གི་ནད་གཞི་གསང་རྒྱ་བྱས་པ་དང་། གོང་ས་མཆོག་ལ་དུག་ཕུལ་བ”ལ་སོགས་པའི་ནག་ཉེས་ཚབས་ཆེན་ལ་ཆད་པ་དྲག་པོ་ཕོག་མེད་པའི་སྐོར་ལ་གླེང་སྟངས་འདྲ་མིན་སྣ་ཚོགས་ཡོད།  

    ཐུབ་བསྟན་ཀུན་འཕེལ་དེ་ཉིན་འཛིན་བཟུང་བྱས་ནས་བཙོན་ལ་བཅུག་རྗེས། ཁོང་གིས་ཁ་འདོན་བྱེད་ཀྱི་མེད་ལ། ནོར་བུ་གླིང་ཁའི་སྲུང་མ་ཁག་ལ་པུས་མོ་བཙུགས་ནས་སྐྱབས་འཇུག་ཀྱང་ཞུ་ཡི་མེད།  སྐབས་དེར། ནོར་བུ་གླིང་ཁའི་ནང་དུ་སྔར་རྒྱུན་བཞིན་ཞི་བདེ་ལྷིང་འཇགས་སུ་གནས་མོད། འོན་ཀྱང་། མཚན་དེར་དྲུང་ཡིག་ཆེན་མོ་བསྟན་འཛིན་ཆོས་འཕེལ་དགོངས་པ་རྫོགས། ཉིན་དེར་སྔོན་ཆད་ཐུབ་བསྟན་ཀུན་འཕེལ་ལ་དམའ་འབེབས་མྱོང་ཡོད་པའི་ལུང་ཤར་གྱི་རྗེས་འབྲངས་པ་ཞིག་གིས་རང་གི་ཕྱོགས་གཏོགས་ལ་འུད་ཤོབ་ཆེན་པོས་ཀུན་འཕེལ་དབང་ཤུགས་ཉམས་པའི་སྐོར་གླེང་སྐབས། གློ་བུར་དུ་བསམ་ཡུལ་ལས་འདས་པ་ཞིག་ལ་བྲང་ནས་འཇུས་ཏེ་སྐྱུག་པ་བསྐྱུགས་པ་དང་། ཅང་མ་འགོར་བ་ས་ལ་རིལ་ནས་གྲོངས་པ་རེད། སྐུ་ཕུང་བྱ་གཏོར་བྱེད་སྐབས། ཁོ་བོའི་སྙིང་ཁྱོན་ཡོངས་ནས་འཁུམས་ཡོད་པ་རེད།  དོན་གནད་དེས་མི་མང་པོའི་སེམས་སུ་སྲུང་མས་ཐུབ་བསྟན་ཀུན་འཕེལ་ལ་རོགས་པ་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱས་ནས། མི་མང་པོ་ཞིག་གིས་ཁོང་སྲོག་ཐོག་གཏོང་ཕོད་ཀྱི་མེད།  (མེ་ཀེར་སི་ཐན་གྱི 《སེར་མོ་བའི་རྒྱལ་ཁམས་འཇིག་པ》)ལ་གཞིར་བཟུང་ན། ཐུབ་བསྟན་ཀུན་འཕེལ་ལ་ཁྲིམས་ཆད་ཆེན་པོ་གཅོད་མི་ནུས་པའི་རྒྱུ་མཚན་ནི་ཀུན་འཕེལ་གྱིས་ནོར་བུ་གླིང་ཁའི་ནང་གི་སྲུང་མར་སྐྱབས་འཇུག་ཞུས་ནས་འཁོན་ལན་སློག་ཡོང་བསམས་ནས་སྐྲག་གི་ཡོད། ལྷ་བླ་མ་གཙུག་ན་བཀུར་བའི་དུས་དེར། དེ་ནི་རྒྱུ་མཚན་ཁུངས་ལུང་གཏན་ནས་མེད་པ་ཞིག་མ་ཡིན་པར། དེ་ལས་ལྡག་སྟེ། མི་སེམས་རྦད་དེ་འགུག་ནུས་པའི་གནས་ལུགས་ཤིག་ཏུ་གྱུར་ཡོད།

    རྒྱུ་རྐྱེན་ངོ་མ་ནི་དེ་འདྲ་ཞིག་ག་ལ་ཡིན།  གོ་ཐོས་ལྟར་ན་ཐུབ་བསྟན་ཀུན་འཕེལ་ནི་རྒྱང་འབུད་བཏང་བའི་མི་གཞན་ལྟར། རྒྱང་འབུད་མ་བཏང་གོང་ལ་ཉེས་རྡུང་དྲག་པོ་གཟེད་བ་དང་། ལམ་བར་དུ་ཐུབ་ཚོད་དང་བརྙས་བཅོས་མྱངས་ནས་ཕྱིན་མེད། སྐབས་དེར། ཁོང་རྒྱང་འབུད་བཏང་བའི་ཉིན་དེར་བཀའ་ཤག་ནས་གོམས་སྲོལ་ལྟར་ནོར་གྱི་སྒལ་པར་ཕྱི་བཞོན་བརྒྱབ་ཏུ་བཅུག་པ་མ་གཏོགས། ཉེས་རྡུང་གང་ཡང་མ་བཏང་བར། དམངས་ཀྱི་ལྟ་རུབ་དང་དཔོན་པོའི་ལྟ་སྐུལ་འོག་ལྷ་ས་ནས་ཁ་བྲལ་དུ་བཅུག ལྷ་སའི་སྐྱིད་ཆུ་གྲོལ་རྗེས་ཁོང་གིས་སྐབས་དེའི་ཐོབ་ཐང་གཏན་ནས་མི་མཐུན་པའི་གནས་ཚུལ་ཞིག་ཐོན་པ་སྟེ། འབྲས་སྤུངས་དགོན་གྱི་ཁང་གསལ་རིན་པོ་ཆེས་སྐྱིད་ཆུའི་ཁ་སྤྲོད་ཀྱི་མི་རིང་བའི་ས་ཆ་ཀླུ་སྡིངས་ཞེས་པར་རྟ་དྲེལ་གྲབས་ནས་ཐུབ་བསྟན་ཀུན་འཕེལ་ཕེབས་རྒྱུར་བསྒུགས་ནས་བསྡད། ཐུབ་བསྟན་ཀུན་འཕེལ་གྱིས་ལམ་བར་དུ་རྦད་དེ་རྟ་དྲེལ་བཞོན་ནས་རྩེ་ལ་སྒང་དུ་ཕེབས། མི་གཞན་གྱིས་ཁོང་ནི་བོད་ས་གནས་སྲིད་གཞུང་གིས་རྒྱང་འབུད་བཏང་བའི་ཉེས་ཅན་པ་ཞིག་ཡིན་པ་ག་ལ་ཤེས།

    སྐབས་དེར་ཁོང་བཙོན་པ་ཞིག་ཏུ་གྱུར་ཟིན་པ་དང་། ཁོང་གི་རྒྱུ་ནོར་ཡོད་ཚད་གཞུང་བཞེས་བཏང་ཡང་། བདེན་པའི་རྒྱབ་ལངས་ལ་དགའ་བའི་མི་ཚོས་ནུས་ཤུགས་ཡོད་རྒུས་ཁོང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། དཔེར་ན།  “བོད་ལྗོངས་ཚོགས་འདུ”ཡི་ཐོག་ཏུ་མི་ཁག་གཅིག་གིས་རང་ཁག་གཞན་འགེན་མ་བྱས་གོང་། ཐུབ་བསྟན་ཀུན་འཕེལ་གྱིས་དྲག་པོའི་ལམ་ནས་མཉམ་དུ་རྩ་མེད་དུ་བཏང་ན་ལེགས་སྙམ་ཡང་། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཕུར་ལྕོག་ཡོངས་འཛིན་སྤྲུལ་སྐུ་བྱམས་པས། དེ་འདྲ་རྩ་བ་ནས་གནང་རྒྱུ་མེད། ཁྱེད་ཀྱིས་གོང་ས་མཆོག་ལ་ལྷག་བསམ་རྣམ་དག་ཡིན་པས། ཉེས་པ་ཆེན་པོ་ཕོག་མི་སྲིད། ངས་ནུས་ཤུགས་གང་ཡོད་ཀྱིས་ཁྱེད་ལ་ཉེས་ཆད་ལྗིད་པོ་མི་ཕོག་པར་འབད་ཆོག་ཅེས་མནའ་སྐྱེལ་དམ་འཇོག་བྱས། (ལྷ་འཛོམས་སྒྲོལ་དཀར་གྱི《ཐུབ་བསྟན་ཀུན་འཕེལ་གྱི་ཚེ་གང་རགས་གླེང》ཞེས་པའི་རྩོམ་རིག་དེའི་ནང)ཐུབ་བསྟན་ཀུན་འཕེལ་འཛིན་བཟུང་བྱས་ནས་རྩེ་ཕོ་བྲང་གི་ཤར་ཆེན་ལྕོག་ཏུ་བཙོན་ཁང་དུ་སྡོད་སྐབས། ཕུར་ལྕོག་ཡོངས་འཛིན་སྤྲུལ་སྐུ་བྱམས་པ་དང་སེ་ར་དགོན་པའི་སྐུ་ཚབ་ཀྱིས་ཁོང་གི་ཚེ་སྲོག་བདེ་འཇགས་ཡོང་ཆེད་སེ་ར་དགོན་གྱི་བྱེས་གྲྭ་ཚང་ནས་དགེ་འདུན་པ་ཉེར་ལྔ་སོ་ལྟ་བྱེད་པར་མངགས། སྐབས་དེར་བཟང་པོ་ནི་སེ་ར་དགོན་ནས་བཏང་བའི་སོ་ལྟ་བའི་གྲས་ཤིག་ཡིན། ཐུབ་བསྟན་ཀུན་འཕེལ་རྒྱང་འབུད་བཏང་རྗེས་ཕུར་ལྕོག་ཡོངས་འཛིན་སྤྲུལ་སྐུ་བྱམས་པས་རྐང་བཙུགས་ནས་བཀོད་སྒྲིག་བྱས་པ་ཡིན་ནམ། ཡང་ན་རང་མོས་ཐོག་ཐུབ་བསྟན་ཀུན་འཕེལ་གྱི་ཞབས་ཕྱི་བྱས་ནས་ཁོང་དང་ལྷན་དུ་ཀོང་པོ་རྩེ་ལ་སྒང་དང་། རྒྱ་གར་བསྐྱོད། རྗེས་སུ་སླར་ཡང་ལྷ་སར་ཕྱིར་ལོག་པ་རེད། ཕྱིས་སུ། བཟང་པོ་ནད་གཞི་ལྗིད་པོས་མནར་སྐབས། ཐུབ་བསྟན་ཀུན་འཕེལ་གྱིས་ཁོང་ལ་ལྟ་རྟོག་ཚད་མེད་བྱས་ཤིང་། ཁོང་གིས་རྟག་ཏུ་རང་ཉིད་དཀའ་ངལ་ཆེ་བའི་སྐབས་སུ་བཟང་པོས་ལྷག་བསམ་ཟོལ་མེད་ཀྱིས་ཞབས་ཕྱི་ཞུས་བྱུང་ཞེས་བཤད། དེ་སྔའི་ཐག་གཅོད་བྱེད་སྟངས་ལྟར་ན། ཏཱ་ལའི་བླ་མ་བཀྲོངས་ཐབས་ཀྱི་ལྐོག་གཡོ་བཤམས་པའི་ནག་ཉེས་ལ་ཆད་པ་དྲག་པོ་འཕོག་རྒྱུ་ནི་ཐེ་ཚོམ་གང་ཡང་མེད། དོན་དངོས་ཐོག་ཐུབ་བསྟན་ཀུན་འཕེལ“བོད་ལྗོངས་ཚོགས་འདུ”ཡི་ཐོག་ཏུ་སྐད་བཏང་ནས་འདྲི་གཅོད་བྱེད་སྐབས།  ཁོང་གི་སེམས་སུ་མི་རིང་བར་ཆག་སྒོ་ཡོང་རྒྱུའི་ཚོར་སྣང་བྱུང་བས། ཕྱོགས་གཉིས་ནས་གྲ་སྒྲིག་ཕྱོགས་བྱས་ཡོད་པ་སྟེ། གཅིག་ནི་ཡུལ་གཞན་ལ་བྲོས་བྱོལ་དུ་འགྲོ་རྒྱུ་དང་། ཅིག་ཤོས་ནི་ཁོ་ཚོ་དང་མཉམ་དུ་རྩ་བརླག་འགྲོ་རྒྱུ་དེ་ཡིན་པ་རེད། དེའི་སྐོར་ལྷ་ཀླུ་ཚེ་དབང་རྡོ་རྗེས། ང་ཡང“བོད་ལྗོངས་ཚོགས་འདུ”ཡི་འཐུས་མིའི་གྲས་ཤིག་ཡིན། ཐག་གཅོད་བྱེད་སྟངས་ཐག་བཅད་རྗེས་ང་དང་རྩེ་དྲུང་ཐུབ་བསྟན་དབང་ཕྱུག་ནོར་བུ་གླིང་ཁར་ཐུབ་བསྟན་ཀུན་འཕེལ་གྱི་ཁྱིམ་ལ་སྒོ་ཐེལ་རྒྱག་པར་བཏང་བྱུང་། ནོར་བུ་གླིང་ཁའི་རྟ་རའི་ཐོག་སོ་གཉིས་པར་ཁོང་གི་སྡོད་ཁང་ཡིན་པ་དང་། ཉལ་ཁང་གི་ཟུར་ཞིག་ནས་མདེའུ་བླུགས་ཟིན་པ་དང་། བེད་སྤྱོད་གཏོང་མྱོད་མེད་པའི་མེ་མདའ་བཅུ་བཞི་རྙེད་པ་རེད། སྔ་ས་ནས་ཐུབ་བསྟན་ཀུན་འཕེལ་བྲོས་བྱོལ་དུ་འགྲོ་རྒྱུའི་གྲ་སྒྲིག་ཡོད་པ་གོ་ཐོས་བྱུང་བས།  མེ་མདའ་དེ་དག་མཐོང་སྐབས་ངོ་མ་ཡིན་པ་གཞི་ནས་ཤེས་བྱུང་། (ལྷ་ཀླུ་ཚེ་དབང་རྡོ་རྗེའི《ལྷ་ཀླུའི་ཁྱིམ་རྒྱུད་ལོ་རྒྱུས》ནང་དུ་གསལ)ཐུབ་བསྟན་ཀུན་འཕེལ་བྲོས་བྱོལ་བྱས་མེད་ལ་ཁོ་ཚོ་དང་ལྷན་དུ་རྩ་བརླག་ཕྱིན་མེད་ཁར། ཆད་པ་དྲག་པོ་དེ་བས་ཕོག་མེད་པ་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཕུར་ལྕོག་ཡོངས་འཛིན་སྤྲུལ་སྐུ་བྱམས་པ་གཙོས་པའི་ཆོས་ལུགས་མི་སྣ་ཁག་གཅིག་གིས་སྲུང་སྐྱོབ་བྱས་པས་ཡིན།

    ཐུབ་བསྟན་ཀུན་འཕེལ་ཀོང་པོ་རྩེ་ལ་སྒང་དུ་རྒྱང་འབུད་བཏང་རྗེས། རྫོང་དེའི་མངའ་འོག་གི་ཆབ་ནག་དགོན་གྱིས་དོ་དམ་བྱས། རྩེ་ལ་སྒང་རྫོང་ནི་དེ་སྔའི་ཀོང་པོ་ས་ཁུལ་གྱི་རྫོང་བཞིའི་གྲས་ཤིག་ཡིན། ཤར་དང་ལྷོའི་མཚམས་གཉིས་མཐའ་མཚམས་སུ་གནས་པའི་མེ་ཏོག་རྫོང་དང་འབྲེལ་ནས་ཡོད། ཆབ་ནག་དགོན་ནི་རྩེ་ལ་སྒང་རྫོང་གི་དགོན་པ་ཆེ་ཤོས་དེ་ཡིན་པ་དང་། དགོན་དེའི་མངའ་འོག་ཏུ་གྲོང་ཚོ་ཉེར་བཞི་ཡོད་པ་དང་། བོད་ས་གནས་སྲིད་གཞུང་གིས་བླ་སྤྱི་ཞིག་བཏང་ནས་ཁུལ་དེར་དོ་དམ་བྱེད་དུ་འཇུག་ཙང་། ཡོང་འབབ་ནས་བཀའ་ཤག་སྲིད་གཞུང་ལ་མར་ཁྲལ་འཇལ་དགོས་པ་ཕུད། དེ་བྱིངས་དགོན་པ་རང་ནས་ཉར་གྱི་ཡོད། ཁུལ་དེའི་མང་ཚོགས་ཀྱིས་ཐུབ་བསྟན་ཀུན་འཕེལ་ནི་ཏཱ་ལའི་བླ་མའི་སྐུ་བཅར་ཡིན་པ་དང་། མངའ་ཐང་དང་མཚན་སྙན་ཤིན་ཏུ་ཆེ་སྔ་ས་ནས་གོ་ཐོས་བྱུང་བས། ཆད་པ་དྲག་པོ་ཕོག་པའི་བཙོན་པ་ཞིག་ལ་ངོས་འཛིན་གྱི་མེད་ཁར། དེ་ལས་ལྡོག་སྟེ། ཁོང་མཚན་སྙན་གྲགས་ཡོད་པའི་རྨང་གཞིའི་ཐོག་གོང་ས་མཆོག་ལ་ནུས་ཤུགས་ཡོད་རྒུས་ཞབས་ཕྱི་ཞུ་ཡི་ཡོད་པས། ས་གནས་དེ་གའི་མང་ཚོགས་ཀྱིས་ཁོང་ལ་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད། ལྐོག་ཏུ་ཁོང་ལ་རོགས་རམ་བྱེད་ཀྱི་ཡོད་པས། ལོ་ངོ་གསུམ་གྱི་དོ་དམ་རིང་ཁོང་ལ་འཚོ་བའི་ཐད་དཀའ་ངལ་ཆེ་བ་གང་ཡང་བྱུང་མེད།

    རྩེ་ལ་སྒང་རྫོང་དུ་ཐུབ་བསྟན་ཀུན་འཕེལ་དང་ཡུལ་དེར་རྒྱང་འབུད་བཏང་བའི་ཁོང་གི་ལས་རོགས་ལྕང་ལོ་ཅན་དང་ངོ་འཕྲད་བྱུང་།

    ལྕང་ལོ་ཅན་ནི་བོད་རྙིང་པའི་སྐབས་བོད་རྙིང་པའི་སྐུ་དྲག་ཡིན་པ་དང་། ཁོང་ནི་ཆིང་རྒྱལ་རབས་སྐབས་ཀྱི་ཕོ་ལྷ་བའི་མི་རབས་རྗེས་མ་ཡིན། ལྕང་ལོ་ཅན་སྤྱི་ལོ་1898ལོར་འཁྲུངས་པ་དང་། སྤྱི་ལོ་1919ལོར་ཏཱ་ལའི་བླ་མ་མཆོག་གིས་གུང་གི་公爵མཚན་གནས་གནང་། སྤྱི་ལོ་1923ལོའི་ལོ་མཇུག་ཏུ་གོང་གི་བཀའ་ལྟར་འབྲས་ལྗོངས་སྒང་མཐོར་མཁར་དུ་མདའ་འཕེན་སྦྱོང་བརྡར་ལ་ཞུགས། སྤྱི་ལོ་1925ལོར་ཁོང་གིས་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་བོད་དམག་རྒྱ་བསྐྱེད་གཏོང་བའི་ལས་ལ་ཞུགས་པས། གུང་གི་མཚན་གནས་ཕྱིར་འཐེན་བྱས། སྤྱི་ལོ་1931ལོར་ཁོང་ལ་སླར་ཡང་དམག་དཔོན་གི་གོ་གནས་ཐོབ། སྤྱི་ལོ་1933ལོར་ཁོང་མངའ་རིས་ས་ཁུལ་གྱི་སྒར་དཔོན་དུ་བསྐོས་ཀྱང་། ཁོང་སྐུ་ངོ་མ་མངའ་རིས་སུ་མ་ཕེབས་པར་ལས་ཚབ་ཅིག་བཏང་ནས། ཁོང་གྲྭ་བཞི་གློག་འཕྲུལ་ཁང་དུ་ཐུབ་བསྟན་ཀུན་འཕེལ་གྱི་ལས་རོགས་སུ་བྱས། ཁོང་ནི་ཁྱད་དུ་འཕགས་པའི་སྙན་ངག་པ་ཞིག་ཡིན་པས། རྗེས་ལ་བཀའ་ཤག་སྲིད་གཞུང་གི་དྲུང་ཡིག་ལ་བསྐོས། སྤྱི་ལོ་1934ལོར་ཁོང “ལུང་ཤར་དོན་རྐྱེན”གྱི་ནང་དུ་ཞུགས་པ་མ་ཟད། མི་སྣ་གཙོ་བོར་གྱུར་པས། ཁོང་གནས་དབྱུང་བཏང་ནས་ཀོང་པོ་རྩེ་ལ་སྒང་དུ་རྒྱང་འབུད་བཏང་བ་རེད།

    ལུང་ཤར་རྡོ་རྗེ་ཚེ་རྒྱལ་བསམ་བློ་གུ་ཡངས་པ་དང་། འཇོན་ཐང་ཆེ་བ། མཛད་རྗེས་འབུར་དུ་ཐོན་པ་མ་ཟད། དབང་ཆ་ཐོབ་སེམས་ལྡན་པའི་མི་སྣ་ཞིག་ཡིན། ཁོང་གིས་སྲིད་དབང་འཕྲོག་རེས་ཀྱི་འཐབ་རྩོད་ཁྲོད་དུ་རང་ལ་འགོག་རྐྱེན་ཆེ་ཤོས་བཟོ་མཁན་ཐུབ་བསྟན་ཀུན་འཕེལ་ཕམ་ཉེས་བཏང་རྗེས། ཆོས་ལུགས་ཀྱི་སྟོབས་ཤུགས་ཆེས་ཆེར་ལྡན་པའི་ཡུལ་དུ་ཁོང་གི་འདོད་བློ་ལྟར་སྲིད་སྐྱོང་ཐུབ་མེད། ཕྱིས་སུ་རྒྱལ་ཚབ་གཏན་འཁེལ་བྱས་རྗེས་ལུང་ཤར་གྱི་བསམ་འདུན་ད་ཡོད་ཀྱི་ཆབ་སྲིད་སྒྲིག་གཞིའི་ནང་དུ་མངོན་འགྱུར་ཐུབ་ཐབས་བྲལ་བར་བརྟེན། ཆབ་སྲིད་ལམ་ལུགས་སྒྱུར་བཅོས་བྱེད་འདོད་ཀྱི་བློ་འཆར། ཁོང་གིས་སེར་སྐྱ་དཔོན་རིགས་ཁག་གཅིག་བསླུ་བྲིད་བྱས་ནས་ཁོང་གི་ཆབ་སྲིད་བསམ་བློ་བརྒྱུད་བསྒྲགས་བྱས་ཤིང་། དེའི་སྙིང་དོན་ནི། བོད་ཀྱི་ཆབ་སྲིད་སྒྲིག་གཞི་དང་བཀའ་ཤག་སྲིད་གཞུང་གི་ལས་ཀའི་བྱེད་སྟངས་ལ་མ་འདོད་པའི་རྣམ་འགྱུར་དྲག་པོ་བཏོན་ཞིང་། ཚོགས་འདུས་འདེམས་ཤོག་འཕེན་ནས་བཀའ་བློན་རྣམས་ལོ་འཁོར་བཞི་རེར་གཏན་འཁེལ་ཐེངས་རེ་བྱ་རྒྱུ་ལས་ཚེ་གང་བྱ་རྒྱུ་མེད་པའི་ལམ་ལུགས་བསྟར་རྩིས་ཡོད་པ་རེད། ཁོང་གིས་སྒྲིག་འཛུགས་དེར “སྐྱིད་ཕྱོགས་ཀུན་མཐུན”ཞེས་བཏགས་པ་དང་།  སེར་སྐྱ་དཔོན་རིགས་བསྡོམས་103གྱིས་ཁོང་གི་སྒྲིག་འཛུགས་ནང་ཞུགས་རྒྱུའི་བློ་འགུགས་བྱས་ནས་མིང་བཏགས་བཀོད། ལྕང་ལོ་ཅན་ནི་དཔོན་རིགས་ཀྱི་ཁྲོད་ནས་ལུང་ཤར་གྱི་སྒྱུར་བཅོས་འཆར་གཞིར་རྒྱབ་སྐྱོར་བྱེད་མཁན་སྔ་ཤོས་གྲས་ཤིག་ཡིན། ཁོང་གིས“སྐྱིད་ཕྱོགས་ཀུན་མཐུན”གྱི་སྒྲིག་འཛུགས་ནང་དུ་ཞུགས་པ་མ་ཟད། ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་ནང་དོན་ལ་གཞིགས་ནས་རང་གིས་བཀའ་ཤག་སྲིད་གཞུང་ལ་བསྒྲོན་རྒྱུའི་སྙན་ཞུ་ཞིག་ཀྱང་བཟོས་པ་རེད། དུས་དེར། ལུང་ཤར་གྱི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ལྷགས་པ་སྟེ། ལུང་ཤར་དང་འབྲེལ་བ་ཟབ་པའི་ཀ་ཤོད་པ་ཆོས་རྒྱལ་ཉི་མས་ཁོ་ཚོས་གསང་གྲོས་བྱས་པའི་འཆར་གཞིའི་ནང་དོན་བཀའ་བློན་ཁྲི་སྨོན་ལ་བཤད་པ་མ་ཟད། དེའི་ཐོག་བཀའ་བློན་ཁྲི་སྨོན་གསོད་པའི་ལྐོག་གཡོ་བཤམས་ཚུལ་གཟུགས་མེད་གྲིབ་བཟོ་པས་མཐར། བཀའ་ཤག་སྲིད་གཞུང་ནས་ལུང་ཤར་ཤར་ཆེན་ལྕོག་ཏུ་བཙོན་ལ་བཅུག་པ་དང་། ལྕང་ལོ་ཅན་དང་། ལུང་ཤར་གྱི་བུ་དབང་ཆེན་གཡུ་ལྷ་དང་། ལྷ་ཀླུ་ཚེ་དབང་རྡོ་རྗེ། རྩེ་དྲུང་མཁྱེན་རབ་ཆོས་འཕེལ།  སྨན་རི་བ། རྒྱལ་ནང་པ། བྲག་མཐོན་པ། དགའ་བྱང་བསྟན་པ་བཅས་བཙོན་ལ་བཅུག

    བཀའ་ཤག་སྲིད་གཞུང་གིས“སྐྱིད་ཕྱོགས་ཀུན་མཐུན”གྱི་འགན་འཁུར་བ་གཙོ་བོར་ཆད་པ་ནན་པོ་བཅད་པ་དང་། ལུང་ཤར་གྱི་མིག་འབྲས་གཉིས་བཏོན། སྒྲིག་འཛུགས་དེའི་ཁོངས་ཀྱི་ལྕང་ལོ་ཅན་གཙོས་པའི་ཁོངས་མི་གཙོ་བོ་བཅུ་རྒྱང་འབུད་བཏང་བ་དང་། དེ་མིན་གྱི་ཁོངས་མི་རྣམས་གནས་དབྱུང་བཏང་བའམ་དངུལ་ཆད་བཅད་པ་རེད།  

    བཀའ་ཤག་སྲིད་གཞུང་གིས་ལྕང་ལོ་ཅན་ཀོང་པོ་རྩེ་ལ་སྒང་རྫོང་དུ་རྒྱང་འབུད་བཏང་བ་དང་། ས་ཆ་དེར་རྒྱང་འབུད་བཏང་བའི་ཐུབ་བསྟན་ཀུན་འཕེལ་དང་མ་གྲོས་ངོ་འཕྲད་བྱུང་། སྤྱི་ལོ་1933ལོར་ལྕང་ལོ་ཅན་གྱིས་གྲྭ་བཞི་གློག་འཕྲུལ་ཁང་དུ་ཐུབ་བསྟན་ཀུན་འཕེལ་གྱི་ལས་རོགས་བྱེད་མྱོང་། དེ་སྔ་ཁོ་གཉིས་ཕན་ཚུན་འབྲེལ་འདྲིས་ཆེན་པོ་མེད་ཀྱང་། ལས་དབང་དང་འདུན་པ་མཐུན་པས་ཁོ་གཉིས་གཅིག་ཏུ་འགྲོགས། ས་ཆ་དེར་ཁོ་གཉིས་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་བྱས། སྤྱི་ལོ་1936ལོའི་ལོ་དཀྱིལ་དུ་ཁོང་གཉིས་ལྷན་དུ་རྒྱང་འབུད་བཏང་བའི་དཔོན་རིགས་ལྷ་སར་ལོག་ཆོག་པ་དང་། དཔོན་རིགས་ཁ་ཤས་དཔོན་གནས་སླར་གསོ་བྱས་ཡོད་པ་ཤེས་འཕྲལ། ཁོང་གཉིས་ཀྱིས་ཀྱང་ལོག་རྒྱུའི་རེ་འདུན་ཞུ་ཡིག་བྲིས་ཀྱང་། བཀའ་ཤག་གིས་ཁོ་གཉིས་ལ་ཁ་ཡ་བྱ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ།  རྩེ་ལ་སྒང་རྫོང་ལ་ཁོ་གཉིས་དོ་དམ་ནན་པོ་བྱེད་དགོས་པའི་བཀའ་བཏང་།  བཀའ་ཤག་གིས་ཁོང་གཉིས་ལ་འཛིན་པའི་རྣམ་འགྱུར་ལྷ་ས་ནས་གསང་བརྡ་གཏོང་མཁན་བྱུང་བས། ཁོ་གཉིས་ཡིད་ཐང་ཆད་ཅིང་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར།  བཀའ་ཤག་སྲིད་གཞུང་ནས་ཁོ་གཉིས་ལ་དོ་དམ་ནན་པོ་དགོས་པའི་བཀའ་རྒྱ་མ་འབྱོར་བའི་གོང་ནས་ཀོང་པོའི་ས་ཆ་གཞན་དུ་ཚོང་གཉེར་དང་ཆོས་མཇལ་འགྲོ་རྒྱུར་ཁ་གཡར་ནས་རྩེ་ལ་སྒང་རྫོང་གི་རྫོང་དཔོན་ཞོལ་དྲུང་ཚེ་བརྟན་རྡོ་རྗེ་ལ་ཟླ་བ་གཉིས་རིང་ཕྱི་ལ་འགྲོ་རྒྱུའི་རེ་བ་ཞུས། རྫོང་དཔོན་གྱི་ཆུང་མ་ནི་ང་ཕོད་ངག་དབང་འཇིགས་མེད་ཀྱི་ལྕམ་གྱི་སྲིང་མོ་ཡིན་པ་དང་། ང་ཕོད་དང་ཐུབ་བསྟན་ཀུན་འཕེལ་གྱི་འབྲེལ་ལམ་ཤིན་ཏུ་ལེགས་པས། ཐུབ་བསྟན་ཀུན་འཕེལ་རང་དབང་ཆེན་པོ་ཡོད་པ་རེད། (ང་ཕོད་ཀྱིས་དེ་སྔ་ཐུབ་བསྟན་ཀུན་འཕེལ་གྱིས་བཙུགས་པའི་གྲོང་དྲག་དམར་སྒར་གྱི་རུ་དཔོན་བྱས། དེ་ནི་ང་ཕོད་ཀྱིས་ས་གནས་སྲིད་གཞུང་གི་དཔོན་པོ་བྱེད་ཐེངས་དང་པོ་ཡིན)གཞན་ཡང་བོད་ས་གནས་སྲིད་གཞུང་གིས་རྒྱང་འབུད་བཏང་བའི་མི་ལ་གཅིག་གྱུར་དོ་དམ་གྱི་ཚད་གཞི་མེད་པར་མི་ལ་བརྟེན་ནས་དབྱེ་འབྱེད་བྱེད་དགོས་པ་དང་། དོ་དམ་ནན་པོ་བྱེད་དགོས་སར་ཆེད་དུ་བཙོན་ཁང་བརྒྱབ་ནས་ལྟ་མཁན་མངགས་ཏེ་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད། དཔེར་ན། སྤྱི་ལོ་1949ལོར་ཀ་ཤོད་ཆོས་རྒྱལ་ཉི་མ་ལྷོ་ཁ་སྣེ་གདོང་དུ་རྒྱང་འབུད་བཏང་རྗེས། ཆེད་དུ་ཐོག་སོ་གཉིས་ལྡན་གྱི་བཙོན་ཁང་ཞིག་བརྒྱབ་པ་དང་ཆེད་དུ་མི་མངགས་ནས་ལྟ་སྲུང་བྱེད་དུ་བཅུག  དཔོན་རིགས་ཁ་ཤས་རང་ཡུལ་དུ་ལོག་ཐུབ་མེད་ལ། དཔོན་གནས་ཀྱང་སླར་གསོ་མ་ཐུབ་ཀྱང་། ས་ཆ་དེར་བཙོན་འཇུག་མ་བྱེད་པར་རང་དབང་ཆེ་ཙམ་ཡོད། ཐུབ་བསྟན་ཀུན་འཕེལ་དང་ལྕང་ལོ་ཅན་ནི་དེའི་རིགས་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན། ཁོང་གཉིས་ལ་རྫོང་དཔོན་གྱི་ཆོག་མཆན་ཐོབ་རྗེས། ཁོང་གཉིས་བདེ་བླག་ངང་རྒྱ་གར་དུ་བྲོས་ཕྱིན།  

    ཐུབ་བསྟན་ཀུན་འཕེལ་དང་ལྕང་ལོ་ཅན་ཀོང་པོ་རྩེ་ལ་སྒང་ནས་བྲོས་ཕྱིན་པ་ཤེས་རྗེས། བཀའ་ཤག་སྲིད་གཞུང་གིས་དེ་མ་ཐག་ཏུ་མཐའ་མཚམས་ལ་འཛིན་བཟུང་བཀའ་རྒྱ་བཀྲམས་པ་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་སྐུ་འཚོ་བཞུགས་སྐབས་སུ་ཐུབ་བསྟན་ཀུན་འཕེལ་ལ་དབང་བའི་མཚན་སྙན་ལ་དམིགས་ཏེ། འགག་སྒོ་ལ་ལས་རྐང་བཙུགས་ནས་བྲོས་བཏང་བ་དང་། ལ་ལས་ཞིབ་བཤེར་ནན་པོ་མ་བྱེད་པ། ལ་ལས་བྲོས་བྱོལ་ལ་རམ་འདེམས་བྱེད་པ་སོགས་ཀྱི་རྐྱེན་པས། བཀའ་ཤག་སྲིད་གཞུང་ནས་རྩེ་ལ་སྒང་རྫོང་རྫོང་དཔོན་ཞོལ་དྲུང་ཚེ་བརྟན་རྡོ་རྗེ་གནས་དབྱུང་མ་གཏོང་ཀ་མེད་བྱུང་། བཀའ་ཤག་སྲིད་གཞུང་གིས་ཐུབ་བསྟན་ཀུན་འཕེལ་དང་ལྕང་ལོ་ཅན་བྲོས་པར་གཡོལ་ཐབས་མེད་པའི་འགན་འཁྲི་ཡོད་པར་རྒྱུ་མཚན་དུ་བྱས་ནས་སྐབས་གསུམ་པའི་ལྷོ་ཁའི་སྤྱི་ཁྱབ་མཁན་ཆུང་འཇམ་དབྱངས་སྐལ་བཟང་གནས་དབྱུང་བཏང་བ་རེད།

    ཐུབ་བསྟན་ཀུན་འཕེལ་དང་ལྕང་ལོ་ཅན་བདེ་བླག་ངང་རྒྱ་གར་དུ་འབྱོར་རྗེས། ཀ་ལོན་སྦུག་གི་རྭ་སྒྲེང་མགྲོན་ཁང་དུ་ལས་ཀ་རྩག་རྩིག་བྱས་ནས་འཚོ་ཐབས་བྱས། ཀ་ལོན་སྦུག་ནི་རྒྱ་གར་བྱང་ཤར་དུ་གནས་པའི་མཐའ་མཚམས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞིང་། བྷང་ག་ལའི་བྱང་ཕྱོགས་སུ་གནས་པ་དང་། འབྲས་ལྗོངས་དང་འབྲེལ་ཡོད། མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་1200ཡོད་པ་དང་། འབྲས་ལྗོང་ནས་རྒྱ་གར་ཕྱོགས་སུ་འགྲོ་རྒྱུའི་གཞུང་ལམ་ཐོག་ཏུ་གནས་པས། འགྲིམ་འགྲུལ་ཀྱི་གནས་བབ་གལ་འགངས་ཤིན་ཏུ་ཆེ་བ་དང་། ཡུལ་སྐོར་དང་ཚ་གཡོལ་བྱེད་ས་ཁྱད་དུ་འཕགས་པ་ཞིག་ཡིན། ས་ཆ་དེར་འཚོ་བ་སྐྱེལ་མཁན་ཕལ་མོ་ཆེ་བོད་རིགས་ཀྱི་རྒྱུད་པ་ཡིན་པ་དང་། བོད་སྐད་རྒྱག་གི་ཡོད་པས། རྒྱ་གར་དུ་གནས་པའི་བོད་རིགས་ཚོའི་སྒར་ཆ་ཆེན་པོ་ཞིག་ཡིན་ཟེར་སྲོལ་ཡོད། དེ་བརྟེན། ཀ་ལོན་སྦུག་ནི་བོད་རིགས་ནང་ཁུལ་དུ་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་ཚོའི་ཉེན་གཡོལ་གྱི་ས་ཆ་ཞིག་ཏུ་གྱུར། དེར་ཚོང་པ་ཕུད། ད་དུང་སྤོམ་མདའ་རབ་དགའ་དང་དགེ་འདུན་ཆོས་འཕེལ་སོགས་ཆབ་སྲིད་དང་རིག་གནས་ཐད་གླེང་མོལ་འཁྲུག་པོ་བྱེད་མཁན་འདུ་འཛོམས་ཁག་གཅིག་བྱས་ཡོད།

    སྤོམ་མདའ་ཚང་ནི་བོད་ལྗོངས་སྨར་ཁམས་རྫོང་སྤོམ་མདའི་ཡུལ་གྱི་ཁྱིམ་རྒྱུད་ཅིག་ཡིན་ཞིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་དུས་ལྷ་སར་རང་གི་རྟེན་གཞི་བཙུགས་པ་དང་། ཕྱིས་སུ་ཁམས་ཁུལ་གྱི་ཚོང་དཔོན་ཕྱུག་པོ་ཞིག་ཏུ་གྱུར། དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དམིགས་བསལ་གྱི་གཟིགས་སྐྱོང་དང་ཁ་བྲལ་ཐབས་གཏན་ནས་མེད། སྤྱི་ལོ་1910ལོའི་ཟླ་2པར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཟིང་འཁྲུག་ལ་གཡོལ་ནས་སྐབས་འཕྲལ་རྒྱ་གར་དུ་བཞུགས་སྐབས། སྤོམ་མདའི་ཉི་རྒྱལ(སྤོམ་མདའ་ཡར་འཕེལ་དང་། སྤོམ་དམའ་རབ་དགའ། སྤོམ་མདའ་སྟོབས་རྒྱལ་བཅས་ཀྱི་ཡབ)གིས་ནུས་ཤུགས་ཡོད་རྒུས་གོང་ས་མཆོག་གི་སྐུ་སྲོག་ལ་སྲུང་སྐྱོབ་བྱས་པ་དང་། ཀ་ལོན་སྦུག་ཏུ་བཙུགས་པའི་སྤོམ་མདའ་ཚང་གི་ཚོང་ལས་སྒྲིག་གཞི་ལ་བརྟེན་ནས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ལ་ཞབས་ཕྱི་ཧུར་ཐག་ཞུས་པས། གོང་ས་མཆོག་གི་ཡིད་ཆེས་ཐོབ་པ་རེད། ཏཱ་ལའི་བླ་མས་སྤོམ་མདའ་ཚང་གཅིག་པུ་ལ་བོད་ཡོངས་ཀྱི་བལ་དང་རྩ་ཆེན་སྨན་རྩྭ་ཕྱིར་ཚོང་བྱ་རྒྱུའི་དབང་ཆ་སྤྲད་པ་མ་ཟད།  སྤོམ་མདའ་སྟོབས་རྒྱལ་བྲག་གཡབ་དང་སྨར་ཁམས་ཀྱི་སྤྱི་ཁྱབ་ལ་བསྐོས། དེ་ནི་སྤོམ་མདའི་ཁྱིམ་བརྒྱུད་ཀྱིས་བོད་ས་གནས་སྲིད་གཞུང་གི་དཔོན་པོ་བྱེད་ཐེངས་དང་པོ་ཡིན། སྤོམ་མདའ་ཚང་ལ་དཔོན་ཚོང་ཟུང་འབྲེལ་བྱ་རྒྱུ་བྱུང་བས། བོད་ཀྱི་དཔོན་རིགས་སྒེར་སྡེམ་གྱི་ཚབ་མཚོན་མི་སྣར་གྱུར།

    སྤོམ་མདའ་རབ་དགའ་ནི་སྤོམ་མདའ་ཡར་འཕེལ་གྱི་གཅུང་པ་དང་། སྤོམ་མདའ་སྟོབས་རྒྱལ་གྱི་གཅེན་པོ་ཡིན། ཁོ་བོ་ནི་ཆུང་དུས་ནས་ཁམས་ཁུལ་དུ་འཚར་ལོངས་བྱུང་བ་དང་། ཁུལ་དེར་རང་གི་གཞོན་ནུའི་དུས་སྐྱེལ་བ་རེད། སྤྱི་ལོ་1934ལོར་ཐུབ་བསྟན་ཀུན་འཕེལ་ལ་ཇུས་ཇེས་བྱུང་རྗེས། ཐུབ་བསྟན་ཀུན་འཕེལ་དང་འབྲེལ་བ་ཤིན་ཏུ་ཟབ་པའི་རུ་དཔོན་སྤོམ་མདའ་སྟོབས་རྒྱལ་གྱིས་ཆབ་མདོ་སྨར་ཁམས་རྫོང་ནས་ལྷ་སའི་མིག་སྔའི་གནས་ཚུལ་ལ་གཞིགས་ནས་འགོག་རྒོལ་བྱས། ཁོང་གི་མངའ་འོག་གི་དམག་མིས་བཀའ་ཤག་སྲིད་གཞུང་གི་མདའ་དཔོན་ཞིག་ལ་ཚུར་རྒོལ་བྱས་ཤིང་། སྤོམ་མདའ་རབ་དགའ་ཡང་དོན་རྐྱེན་དེའི་ནང་དུ་ཞུགས། དེའི་སྐོར་གྱི་གནས་ཚུལ་ལྷ་སར་འབྱོར་རྗེས། བཀའ་ཤག་སྲིད་གཞུང་གིས་ལམ་སེང་ཆབ་མདོ་སྤྱི་ཁྱབ་ལ་མདའ་དཔོན་བཞི་མངགས་ནས་སྨར་ཁམས་ལ་ཕྱིན་ནས་ཕར་རྒོལ་བྱེད་དགོས་པའི་བཀའ་ཕབ། སྤྱི་ལོ་1933ལོའི་བོད་ཟླ་12པར། སྤོམ་མདའི་དམག་གི་སྟོབས་ཤུགས་ཉམས་པས། སྤོམ་མདའ་སྟོབས་རྒྱལ་དང་། སྤོམ་མདའ་རབ་དགའ་གཅེན་གཅུང་གཉིས་སྨར་ཁམས་བསྐྱུར་ནས་འབའ་ཐང་ཕྱོགས་སུ་བྲོས་ཕྱིན། ཕྱིས་སུ་སྤོམ་མདའ་རབ་དགའ་ནན་ཅིང་དུ་སླེབས་པ་དང་། ཅང་ཅེ་ཧྲིས་ཁོང་དང་ཐུག་འཕྲད་བྱས་པ་མ་ཟད། བོད་སོག་ཨུ་ཡོན་ལྷན་ཁང་དུ་ལས་ཀ་བྱས། ཕྱི་ལོར་ཁོང་རྒྱ་གར་དུ་ཕྱིན། སྤོམ་མདའ་རབ་དགའ་རྒྱ་གར་དུ་སླེབས་པའི་དུས་ཚོད་ནི་སྤྱི་ལོ་1935ཡིན་ཞིང་། ཐུབ་བསྟན་ཀུན་འཕེལ་དང་ལྕང་ལོ་ཅན་དང་བསྡུར་ན་ཟླ་བ་ཁ་ཤས་ཀྱིས་སྔ་བ་ཡོད། སྤོམ་མདའ་རབ་དགའི་ཞིབ་ཕྲའི་ལས་འགན་གང་ཡིན་མ་ཤེས་ཀྱང་། བོད་སོག་ཨུ་ཡོན་ལྷན་ཁང་དུ་ལས་འགན་འཁུར་མཁན་ཡིན་པའི་ངོ་ནས་ཁོ་པའི་ཕྲག་ཏུ་འཁུར་བའི་ལས་འགན་གཙོ་བོ་ནི། རྒྱ་གར་དུ་ཡོད་པའི་བོད་རིགས་ཚོར“མི་སེར་དོན་གསུམ་རིང་ལུགས”ཀྱི་བསམ་བློ་དྲིལ་བསྒྲགས་བྱས་ནས། བཀའ་ཤག་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་སྟོབས་ཤུགས་གསོ་སྐྱོང་བྱས་ནས། བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྒྱུར་བཅོས་གཏོང་ཆེད། དམངས་གཙོའི་བོད་ས་གནས་སྲིད་གཞུང་བཙུགས་ནས་གསར་བརྗེའི་ལས་འགུལ་གྱི་ཡོད་པ་ཕྱིས་ཀྱིས་བྱ་སྤྱོད་ནས་མཐོང་ཐུབ།

    མཁས་པའི་དེད་དཔོན་དགེ་འདུན་ཆོས་འཕེལ་ནི་སྤྱི་ལོ་1934ལོར་རྒྱ་གར་གྱི་པཎྜི་ཏ་ར་ཧུ་ལས་ གདན་འདྲེན་ཞུས་ཏེ། རྒྱ་གར་དུ་ལོ་ཙཱའི་ཕྱག་ལས་གནང་། སྤྱི་ལོ་1934ལོའི་ལོ་མཇུག་ནས་སྤྱི་ལོ་1945ལོའི་བར་ཁོང་སྔ་རྗེས་སུ་བལ་ཡུལ་དང་། འབྲུག་ཡུལ། འབྲས་ལྗོངས། སིངྒ་ལ་སོགས་སུ་ལྟ་སྐོར་དང་རྟོག་ཞིབ་ཏུ་ཕེབས་ནས། སྒྱུར་ཡིག་དང་། ཡུལ་སྐོར་ཟིན་ཐོ། དེ་བཞིན། ལོ་རྒྱུས་དང་། ཆོས་ལུགས།  ཚན་རིག་སོགས་དང་འབྲེལ་བའི་དཔེ་ཆ་མང་དག་ཅིག་བརྩམས་གནང་ནས། མི་རབས་རྗེས་མ་ཚོར་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་བཞག་ཡོད། ཁོང་བོད་ཡིག་དང་། དབྱིན་ཡིག ལེགས་སྦྱར་ཡི་གེ་བཅས་བྱང་ཆུབ་པ་ཡོད་པ་དང་། ཕྱི་རྒྱལ་གྱི་མཁས་དབང་གྲགས་ཅན་མང་པོ་དང་འདྲེས་འདྲིས་བྱས་ཡོད་པ། རྒྱལ་ཕྱིའི་གྲགས་ཅན་མི་སྣ་དང་ཆབ་སྲིད་མཁས་དབང་མི་ཉུང་བ་ཞིག་གི་བརྩམས་ཆོས་བཀླགས་མྱོང་ལ། ཕྱི་རྒྱལ་གྱི་ལོ་རྒྱུས་དང་། ས་ཁམས།  ཆོས་ལུགས། སྤྱི་ཚོགས་ལམ་ལུགས་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་མྱོང་། ཁོང་ནི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་བསྒྱུར་བཅོས་གཏོང་འདོད་ཡོད་པའི་མི་ཞིག་ཡིན། གོ་ཐོས་ལྟར་ན། དགེ་འདུན་ཆོས་འཕེལ་དང་སྤོམ་མདའ་རབ་དགའ་ལྷ་སར་དགེ་རྒན་གཅིག་གི་ཞབས་ལ་གཏུགས་ནས་སློབ་སྦྱོང་བྱེད་མྱོང་ཡོད་པས། ཕན་ཚུན་དབར་འབྲེལ་བ་ཟབ་མོ་ཡོད།

    ཁོ་ཚོ་བཞི་པོ་གཞན་ཡུལ་དུ་མ་གྲོས་གཅིག་མཐུན་གྱིས་འདུས་ཤིང་། ཐུན་མོང་ལ་དབང་བའི་དམིགས་ཡུལ་ཡོད་པས་་རྡོལ་རྩ་གཅིག་ཏུ་བསྒྲིལ། ཁོ་ཚོ་ཚང་མར་འབད་ཐབས་ཀྱི་དམིགས་འབེན་ཡོད་པ་དང་བསམ་བློའི་རྨང་གཞི་ཡོད་པས། དེ་ནི་སྐབས་བསྟུན་ཀྱི་བྱེད་ཐབས་ཤིག་མིན་ལ། སྟེས་དབང་ཞིག་དེ་བས་མིན།

    ཐུབ་བསྟན་ཀུན་འཕེལ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཚེ་མཇུག་ཏུ་ཆེས་དགའ་ཤོས་དང་ཡིད་ཆེས་བྱེད་ས་ཞིག་ཡིན། ཁོང་ནི་གོང་ས་མཆོག་གི་སྲིད་བསྒྱུར་ལམ་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་མཁན་དང་། སྲིད་བསྒྱུར་ལམ་ལུགས་ཁྲོད་ནུས་ཤུགས་ཡོད་རྒུ་བཏོན་པ་མ་ཟད་ནུས་པ་ཆེན་པོ་ཐོན་ཡོད་པ་རེད། ཁོང་གིས་བོད་ཀྱི་རྗེས་ལུས་ཀྱི་སྒྲིག་གཞིའི་ཞན་ཆ་རྦད་དེ་རྒྱུས་ལོན་ཡོད།

    སྤོམ་མདའ་རབ་དགའ་ཡིས་བཀའ་ཤག་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དོན་རྐྱེན་ཁྲོད་ནས། ཁོ་བོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་བསམ་བློའི་འཁྱེར་སོ་མཚོན་གྱི་ཡོད། ཁོང་གིས་བཀའ་ཤག་སྲིད་གཞུང་ནས་ཏཱ་ལའི་བླ་མ་དགོངས་པ་རྫོགས་པ་མ་ཐག  གོང་ས་མཆོག་གི་ཆེས་དགའ་ཤོས་དང་ཡིད་ཆེས་ཆེ་ཤོས་བྱེད་ས། བདེན་སྐྱོང་དྲང་གཏམ་སྨྲ་མཁན་ཐུབ་བསྟན་ཀུན་འཕེལ་ལ་ཆད་པ་གཅོད་པའི་བྱེད་སྟངས་ལ་ཧ་ཅང་མི་འདོད་པ་དང་། བཀའ་ཤག་སྲིད་གཞུང་ནས་ཐོག་མཐའ་བར་གསུམ་དུ་ཁམས་པར་མཐོང་ཆུང་གི་རྣམ་འགྱུར་འཛིན་སྟངས་ལ་རེ་ཐག་ཆད་ཅིང་། བོད་ས་གནས་སྲིད་གཞུང་གིས་གཞན་ཁོངས་ཟུར་ཕུད་ཀྱི་བྱེད་སྟངས་ལ་སེམས་ཀྱི་གཏིང་ནས་འཁོན་འཛིན་བྱེད་ཀྱི་ཡོད་པས། ཁོ་བོས་རང་གི་གཅུང་པོ་སྟོབས་རྒྱལ་ལ་རམ་འདེགས་བྱས་ནས་ས་ཆ་ཁག་གི་སྐྱ་སེར་བསྐོངས་ནས་བོད་ས་གནས་སྲིད་གཞུང་ལ་ངོ་རྒོལ་བྱས་པ་མ་ཟད། ཆབ་སྲིད་ཀྱི་རྩ་འཛིན་བརྒྱད་ཁྱབ་བསྒྲབས་བྱས་པ་སྟེ (1)ས་གནས་རང་སྐྱོང་བྱས་ནས་རིམ་གྱིས་ཁམས་པས་ཁམས་ཀྱི་ས་ཆ་བསྐྱང་རྒྱུ་དང་། (2)འགོ་ཁྲིད་རྣམས་དམངས་གཙོས་འདེམས་བསྐོ་བྱ་རྒྱུ་མ་ཟད། གོ་གནས་འབེབས་པ་དང་། གནས་དབྱུང་གཏོང་བའི་དབང་ཆ་ཡོད། (3) སྐུ་དྲག་གི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་མེད་པ་བཟོས་ནས་མི་རིགས་འདྲ་མཉམ་ཀྱི་འདོད་ཚུལ་བཏོན་པ། (4) ཁྲལ་དང་འུ་ལག་རྩ་བ་ནས་མེད་པ་བཟོ་རྒྱུ། (5) མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་གཏོང་རྒྱུ། (6)ས་གནས་ཁག་ཏུ་མི་རིགས་སློབ་གྲྭ་གསར་དུ་བཙུགས་ནས་སྐད་རིགས་གཉིས་ལྡན་སློབ་གསོ་འཕེལ་རྒྱས་ཤུགས་རྐྱེན་གཏོང་རྒྱུ། (7)ཟི་ཁྲོན་དང་། ཁམས་ཁུལ། ཡུན་ནན་ཀྱི་མི་རིགས་བཅས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ། (8) ནུབ་ཕྱོགས་མི་སེར་སྤེལ་ཡུལ་མཁན་གྱི་བཙན་འཛུལ་ལ་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་བཅས་རེད།

    ཆབ་སྲིད་ཀྱི་རྩ་འཛིན་དེ་བོད་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་མོད། འོན་ཀྱང་། དམག་ཤུགས་ཧེ་བག་ཤོར་བས། བོད་ས་གནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཐབས་རྩོད་མཐར་ཕམ་ཉེས་བྱུང་བ་རེད། ཕྱིས་སུ་ཁོང་ནན་ཅིང་དུ་ཕྱིན་ནས་གོ་མིན་ཏང་དང་འབྲེལ་བ་བཙུགས་ཏེ། བོད་སོག་ཨུ་ཡོན་ལྷན་ཁང་ནང་དུ་ལས་ཀ་བྱས་པ་མཟད“མི་སེར་དོན་གསུམ་རིང་ལུགས ”ཀྱི་བསམ་བློའི་ཤུགས་རྐྱེན་ཆེན་པོ་ཐེབས།  ཁོང་གིས་ཧིན་རྡུ་ནས་འུ་ཀྲུང་ཤིན་吴忠信ལ་ཡི་གེ་ཞིག་བཏང་སྟེ། དེའི་ནང་དུ་སྔོན་གྱི་ཕམ་ཉེས་ལ་ངོས་འཛིན་གསལ་པོ་ཐུབ་སོང་། དེ་ནི་རང་ཉིད་ལ་འཛིན་རྒྱུའི་རིང་ལུགས་མེད་པ་དང་། རྩ་འཛུགས་མེད་པ། རྨོངས་ཚོད་ཀྱིས་བྱ་སྤྱོད་སྤེལ་བས་ཡིན། རིམ་གྱིས་གསར་བརྗེའི་སྲིད་ཇུས་དང་རིང་ལུགས་ལ་ཞིབ་འཇུག་བྱས་པ་དང་། དབྱིན་ཡིག་ལམ་གྱི “མི་སེར་དོན་གསུམ་རིང་ལུགས ”བཀླགས་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན་ཞེས་བྲིས། (ཁྲེང་ཆེན་ཧྥིང་གི 《ནུབ་བོད་ལེགས་བཅོས་སྐྱིད་སྡུག་དང་ཀྲུང་གོ་གོ་མིན་ཏང་དབར་གྱི་འབྲེལ་བ》ཞེས་པའི་ནང་དུ་གསལ)

    ལྕང་ལོ་ཅན་གུང་བསོད་ནམས་རྒྱལ་པོས་བོད་ས་གནས་སྲིད་གཞུང་གི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ལ་སྒྱུར་བཅོས་གཏོང་དགོས་པའི་ལྟ་ཚུལ་དྲག་པོ་བཏོན་ཡོད། སྤྱི་ལོ་1933ལོའི་ཟླ་11པར། ལྕང་ལོ་ཅན་གྱིས་ཚོགས་འདུ་རྒྱས་འཛོམས་ཐོག་ཏུ་ཏཱ་ལའི་བླ་མས་ལུགས་གཉིས་ཀྱི་འགན་མ་བཞེས་པའི་སྐབས་སུས་བོད་ས་གནས་སྲིད་གཞུང་གི་འགན་སུས་འཁུར་དགོས་མིན་ཐད་ཁོང་གིས་ད་ལྟའང་མི་རྣམས་ཀྱིས་གླེང་འདོད་པའི་སྐད་ཆ “བླ་མ་ནི་ཉིན་ལྟར་གཟིམ་ཁང་ནང་དུ་བཞུགས་ནས་ཆབ་སྲིད་ཀྱི་ལས་དོན་རྒྱུས་མངའ་དེ་ཙམ་མེད་པས། ལས་དོན་ཁག་དོན་དངོས་ཐོག་ཁོང་གི་འགྲམ་དུ་ཡོད་པའི་སྣ་ཐག་འཐེན་ཞིང་གང་ཡང་མ་ཤེས་པའི་གཉེར་པའི་བཀོད་པ་ཉན་དགོས་ཀྱི་ཡོད” ཅེས་ལབ་མྱོང་། དགོད་བྲོ་ལ་རྣོ་ངར་ཆེ་བའི་སྐད་ཆ་དེར་ཚོགས་ཞུགས་ཀྱི་མི་སྣ་རྣམས་གད་མོ་དབང་མེད་དུ་ཤོར།  ཁོང་གིས་འདེམས་བསྐོ་བྱས་ནས་ཆབ་སྲིད་ལ་རྒྱུས་མངའ་ཡོད་མཁན་གྱིས་སྲིད་ཀྱི་འགན་འཁུར་དགོས་པ་ལས། འཇིག་རྟེན་པའི་ལས་ལ་རྒྱུས་མངའ་དེ་ཙམ་མེད་པའི་བླ་མ་དང་གཉེར་པས་འགན་འཁུར་རྒྱུ་མེད་པའི་འདོད་ཚུལ་བཟུང་གི་ཡོད། སྐད་ཆ་དེས་ལས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་དེ་ཁོང་གི་བློ་ལ་བབ་ཀྱི་མེད་པ་མཚོན་ཐུབ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་རྗེས་ལུས་རྣམ་པར་ངོས་འཛིན་གཏིང་ཟབ་ཐུབ་ཡོད་པ་མཚོན། སྤྱི་ལོ་1934ལོའི་ཟླ་5པར། ཁོང་གིས་ལུང་ཤར་གྱི་ཆབ་སྲིད་སྒྱུར་བཅོས་ཀྱི་ལས་འགུལ་ལ་ཞུགས་པ་མ་ཟད“སྐྱིད་ཕྱོགས་ཀུན་མཐན”གྱི་སྒྲིག་འཛུགས་ཀྱི་གཙོ་བོའི་མི་སྣར་གྱུར། ཁོང་གིས་སྒྲིག་འཛུགས་ཀྱི་ཚབ་བྱས་ནས་བཀའ་ཤག་སྲིད་གཞུང་ལ་རེ་འདུན་ཞུ་ཡིག་བྲིས། ཁོང་ནི་ལས་འགུལ་དེར་ཞུགས་མཁན་གྱི་དཔོན་རིགས་བརྒྱ་ལྷག་ཙམ་ནང་གི་སྐུ་དྲག་ཆེ་བའི་ཁྱིམ་ཚང་གཉིས་ཀྱི་གྲས་ཤིག་ཡིན(ཅིག་ཤོས་ནི་སྐྱིད་སྟོད་པ་རེད)

    དགེ་འདུན་ཆོས་འཕེལ་ནི་མི་ཚུལ་རིང་ལུགས་ཀྱི་དེད་དཔོན་དང་། བོད་ཀྱི་བློ་སྒོ་འབྱེད་པའི་བསམ་བློ་མཁས་ཅན་ཞིག་ཡིན། ཁོང་གི་རིག་གཞུང་དང་རིག་གནས་ཀྱི་ཡོན་ཚད་གཏིང་ཟབ་པ་དང་། འཛམ་གླིང་ཡུལ་གྲུ་ཁག་གི་ཆབ་སྲིད་ལམ་ལུགས་ལ་ལྷག་པར་དགའ་བ་མ་ཟད། ཞིབ་འཇུག་ཀྱང་གཏིང་ཟབ་བྱས་ཡོད། དེ་འདུན་ཆོས་འཕེལ་བཀག་སྡོམ་དང་། འདོད་སྤང་། བག་འཁུམས། རྨོངས་དད། རྗེས་ལུས་ཀྱི་བསམ་བློའི་འཆིང་རྒྱ་བཅས་ལས་གྲོལ་མ་ཐུབ་པའི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ནས་གཉིད་སད་པ་དེས། ཁོང་གི་ཐུན་མིན་གྱི་བློ་སྟོབས་དང་ཁྱད་འཕགས་ཀྱི་བློ་རྒྱ་མཚོན་ནུས། དགེ་འདུན་ཆོས་འཕེལ་གྱིས་སྲིད་གཞུང་དེར་ངེས་པར་དུ་བསྒྱུར་བཅོས་བཏང་ནས་སེར་མོ་བའི་དབང་ཆ་དང་ཤུགས་རྐྱེན་ཆུང་དུ་བཏང་ནས། མི་དམངས་ལ་སློབ་གསོ་དང་ལེན་བྱེད་པ་དང་། ནུས་ཚོད་ཀྱིས་སྤྱི་ཚོགས་རྙིང་པའི་ཤུགས་རྐྱེན་ངན་པ་དོར་ཞིང་། བོད་གསར་པ་འཛུགས་སྐྱོང་ལ་ཕན་པའི་གོམས་གཤིས་དང་བསམ་བློའི་རིན་ཐང་རང་སོར་འཇོག་དགོས་ཚུལ་གསལ་པོར་བསྟན་ཡོད།

    མདོར་བསྡུས་ན། ཁོང་ཚོ་ནི་དུས་རབས་དེའི་གོ་རྟོགས་སད་མཁན་དང་། གསར་བརྗེའི་འདུན་པ་དྲག་པོ་ཡོད་མཁན་ཤ་སྟག་ཡིན། ཁོ་ཚོའི་ཐུན་མོང་གྱི་བསམ་བློའི་རྨང་གཞི་ཕྱོགས་འགའ་ཤས་ནས་མཚོན་པ་གཤམ་གསལ།

    (1)དམངས་གཙོ་ལ་བརྩི་མཐོང་གིས་སྒེར་གཅོད་ལ་ངོ་རྒོལ་བྱས་པ། ཁོང་ཚོ་ནི་བོད་རྙིང་པའི་རྩེར་སོན་གྱི་མི་ཚབ་ཚོན་མི་སྣ་ཡིན་པ་དང་།  རྒྱལ་ནང་གི་འབྱོར་ལྡན་གྲལ་རིམ་དང་ནུབ་ཕྱོགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཁོང་རྣམ་པས་དབང་ཆ་དག་མི་དམངས་ཀྱི་ལག་ཏུ་བཟུང་དགོས་པ་དང་། དམངས་གཙོའི་ལམ་ནས་སྲིད་གཞུང་གི་དཔོན་པོ་འདེམས་བསྐོ་བྱེད་དགོས་པ་ལས། བཀས་བཀོད་རྒྱུད་འཛིན་དང་སྒེར་སྡེམ་བྱ་རྒྱུ་མེད་པའི་འདོད་ཚུལ་བཟུང་ཞིང་། ཁོ་ཚོའི་གཏམ་སྤྱོད་ནང་དུ། བོད་འདི་ཉིད་བཀས་བཀོད་རྒྱུད་འཛིན་གྱི་སྒེར་གཅོད་སྲིད་གཞུང་ནས་བཅིངས་འགྲོལ་གཏོང་རྒྱུའི་འདུན་པ་གསལ་པོར་མཚོན་ཡོད།

    (2)ཆོས་ལུགས་ཀྱིས་ཆབ་སྲིད་ལས་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་པར། བག་འཁུམས་ཀྱི་ཆོས་ལུགས་སྟོབས་ཤུགས་ཀྱིས་བོད་ལྗོངས་འདི་ཉིད་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོས་པ་མ་ཟད།  ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་སྲིད་བསྒྱུར་བྱེད་ཐབས་བདེ་བླག་ངང་ལེགས་གྲུབ་མ་བྱུང་བའི་རྩ་བའི་རྒྱུ་རྐྱེན་ཡང་ཡིན། དེར་བརྟེན། ཆབ་སྲིད་ལ་རྒྱུས་མངའ་མེད་པ་དང་། རྙིང་ཞེན་བག་འཁུམས། སྒྱུར་བཅོས་ཀྱི་བསམ་བློ་མེད་པ། དམངས་གཙོའི་ཆབ་སྲིད་ཀྱི་འཕེལ་ཕྱོགས་མཐོང་རྒྱུ་མེད་པ་བཅས་ཀྱི་མིར་ཆབ་སྲིད་ཀྱི་འགན་འཁུར་དུ་འཇུག་རྒྱུར་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད།

    (3)བཙན་རྒྱལ་རིང་ལུགས་ཀྱི་མགོ་སྐོར་བསླུ་བྲིད་བྱ་ཐབས་མཚང་རྟོལ་དགོས། དབྱིན་ཇིས་བོད་ནས་ཁོ་ཚོའི་རྗེས་འབྲངས་པ་ཉུང་ཤས་བཀོལ་ནས་བོད་འདི་ཉིད་མི་སེར་སྤེལ་ཡུལ་དུ་འགྱུར་རྒྱུའི་བྱ་ཐབས་ལ་སེམས་གཏིང་ནས་འཁོན་འཛིན་བྱས་ཏེ་གོ་མིན་ཏང་ཀྲུང་དབྱང་སྲིད་གཞུང་དང་འབྲེལ་ལམ་ཡག་པོ་འཛུགས་དགོས་པའི་འདོད་ཚུལ་བསྟན།

    སྐབས་དེ་དུས་རྒྱལ་ནང་གི་དུས་བབ་ཟིང་ཆ་ཆེན་པོ་ཡིན་པར་བརྟེན། གོ་མིན་ཏང་སྲིད་གཞུང་ནས་བོད་ལ་ནུས་ལྡན་གྱི་དོ་དམ་བྱེད་ཐུབ་ཀྱི་མེད། བོད་ནང་ཁུལ་དུ་སྟག་བྲག་གཙོ་བོར་འགྱུར་བའི་ཁ་ཕྲལ་སྟོབས་ཤུགས་དག་དབྱིན་ཇི་བཙན་རྒྱལ་རིང་ལུགས་པའི་རོགས་སྐྱོར་འོག་སྲིད་ཀྱི་འགན་འཁུར་བ་རེད། སྐབས་དེར། ཀ་ལོན་སྦུག་ཏུ་འདུ་འཛོམས་བྱས་པའི་སྤོམ་མདའ་རབ་དགའ་དང་། ཐུབ་བསྟན་ཀུན་འཕེལ། ལྕང་ལོ་ཅན་གུང་བསོད་ནམས་རྒྱལ་པོ་བཅས་ཀྱིས་གསང་བའི་ཐོག་བོད་ཀྱི་ལོ་རྒྱུས་ཐོག་ཏང་སྲིད་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ཐོག་མ “ནུབ་བོད་ལེགས་བཅོས་སྐྱིད་སྡུག”འཛུགས་རྒྱུར་གྲ་སྒྲིག་བྱེད་བཞིན་མཆིས། (བེན་ཚར་ཟླ་བས་བརྩམས་པའི<<རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་བཅར་ཐུབ་བསྟན་ཀུན་འཕེལ>>ལས་དྲངས། ཉི་ཚེས་བསྒྱུར། ཚེ་ཆོས་ཀྱིས་ཞུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།