[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་བྱུང་རིམ།
  • བོད་ཀྱི་སྔ་རབས་ལོ་རྒྱུས་ཡིག་ཆའི་ཞིབ་འཇུག་གི་དུས་རབས་གསར་པ།

    —ཆབ་སྤེལ་ཚར་བརྟན་ཕུན་ཚོགས་ཀྱི་ལོ་རྒྱུས་ཡིག་ཆའི་ཞིབ་འཇུག་ཐད་ཀྱི་མཛད་རྗེས་སྐོར་མདོ་ཙམ་གླེང་བ།

  • ཡོང་ཁུངས།   བོད་ལྗོངས་རིག་གནས་དྲ་བ།    |    རྩོམ་པ་པོ།   བེན་ཚར་ཟླ་བ།    |    སྤེལ་དུས།   2017-09-30

    ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནི་རྒྱལ་ཕྱི་རྒྱལ་ནང་ཀུན་ཏུ་སྙན་པའི་གྲགས་པས་ཁྱབ་པའི་བོད་ཀྱི་མཁས་དབང་ཕུལ་དུ་ཕྱིན་པ་ཞིག་ཡིན།  ཁོང་གི་སྐུ་ཚེ་འདིར་ཀྱག་ཀྱོག་གི་ལམ་བུ་ཇི་སྙེད་ཅིག་བརྒྱུད་མྱོང་མོད།  མི་རིགས་ཀྱི་རིག་པའི་གནས་ལ་སེམས་ཁོང་རུས་པའི་སྟེང་ནས་ཞེན་ཆགས་ཆེ་བ་དང་ལོ་རྒྱུས་ཀྱི་འགན་སེམས་ཤིན་ཏུ་ཆེ་བའི་དབང་ལས།  རིག་པའི་གནས་ལ་གཞོལ་བའི་བརྩོན་པའི་རྒྱུན་ནམ་ཡང་ལྷོད་མི་མྱོང་བས་ཀུན་གྱིས་གོང་བཀུར་འོས་པའི་མཁས་དབང་ཞིག་ཏུ་གྱུར་ལ་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག  དམངས་སྲོལ།  རྩོམ་རིག  ཆོས་ལུགས་སོགས་ཞིབ་འཇུག་གི་ཁྱབ་ཁོངས་མང་པོའི་ཐད་གཡུར་དུ་ཟ་བའི་འབྲས་བཟང་གཏོད་ཡོད།  མཁས་དབང་འདི་ཡི་བློ་རིག་ལས་བརྡོལ་བའི་བརྩམ་བྱའམ་ཞིབ་འཇུག་གི་འབྲས་བུ་རབ་དང་རིམ་པ་ཡོད་པ་དེ་དག་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་དང་དཔྱད་གླེང་བྱ་རྒྱུར་དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་མོད།  བློ་དམན་བདག་ལྟ་བུར་མཁས་དབང་འདི་ཡི་ལྗོན་ཆེའི་མཛད་རྗེས་ལ་དཔྱད་གླེང་བྱེད་པའི་ནུས་པས་དབེན།  དེ་ལྟ་ནའང་དེང་གི་ཆར་མཁས་དབང་གང་དེའི་གསུང་རྩོམ་ལ་སློབ་སྦྱོང་ཞུ་བཞིན་པའི་ཕྱི་རབས་པ་ཞིག་གི་ངོས་ནས་རང་གི་བློ་དད་དང་གུས་སེམས་མཚོན་ཕྱིར་གང་དེའི་བོད་ཀྱི་སྔ་རབས་ལོ་རྒྱུས་ཡིག་ཆའི་ཞིབ་འཇུག་ཐད་ཀྱི་མཛད་རྗེས་ཆ་ཤས་ཙམ་རང་བློས་གང་དཔོག་གླེང་བར་འདོད་པ་སྟེ།

    དང་པོ།  བོད་ཀྱི་སྔ་རབས་ལོ་རྒྱུས་ཡིག་ཆར་གཏིང་ཟབ་པའི་ཞིབ་འཇུག་དང་དཔྱད་སྡུར་གནང་སྟེ་ཚན་རིག་དང་མཐུན་པའི་དགེ་སྐྱོན་དབྱེ་ཞིབ་དང་གདེང་འཇོག་མཛད་པ།

    རང་ཅག་བོད་དུ་ལོ་རྒྱུས་ཞིབ་འཇུག་ལ་མཐོང་ཆེ་བྱེད་པའི་ལྟ་བ་ཞིག་སྔར་ནས་ཆགས་ཡོད་ལ་དེའི་ཐད་ཀྱི་འབྲས་བུའང་ཤིན་ཏུ་མང་པོ་མཇལ་དུ་ཡོད།  ལོ་རྒྱུས་ཞེས་པ་ནི་“རྙོག་འཛིང་ཆེ་ཞིང་ནང་དོན་སྣ་མང་མཉམ་འདུས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཞིག་ཡིན་” 【1】པས།  ལོ་རྒྱུས་ཞིབ་འཇུག་པ་ཞིག་གི་ངོས་ནས་བརྗོད་ན་ཐོག་མར་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ནི་མ་མཐའི་རྐང་པ་འཛུགས་ས་ཞིག་ཡིན་ངེས་ལ་ལོ་རྒྱུས་ཞིབ་འཇུག་ཁྲོད་དུ་ཚན་རིག་དང་མཐུན་པའི་ངོས་འཛིན་དང་ཆོད་སྡོམ་ཐོབ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་ཡིན།  རྒྱུ་མཚན་དེ་ཡི་ཕྱིར་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆར་ཞིབ་འཇུག་བྱ་རྒྱུར་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་རིག་པ་བ་ཀུན་གྱིས་སྣང་ཆེན་བྱེད་ཀྱིན་ཡོད་ལ་《ལོ་རྒྱུས་རྒྱུ་ཆའི་རིག་པ་》ཞེས་པའི་རིག་ཚན་ཞིག་ཀྱང་ཐོན་ཡོད།  གོང་ཞུས་ལྟར་རང་རེ་བོད་དུ་སྔ་རབས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་མོད།  དེར་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བའི་ཐོག་ནས་ཞིབ་འཇུག་དང་གཤིབ་བསྡུར།  དཔྱད་བརྗོད་བྱ་རྒྱུ་མི་འདང་བས།  ཐམས་ཅད་དགེ་མཚན་དུ་གླེང་ནས་ཆེས་ཆེར་བསྟོད་པའམ་ཡང་ན་ཐམས་ཅད་སྐྱོན་དུ་བརྗོད་ནས་རྐང་འོག་ཏུ་བརྫི་བའི་ཐལ་ཆ་ཕྱོགས་གཉིས་ནས་ཐོན་བཞིན་ཡོད།  ལོ་རྒྱུས་དཔྱད་གཞིའི་ཡིག་ཆར་དཔྱད་གླེང་བྱེད་པ་ལ།  གཅིག་ནས་ལོ་རྒྱུས་དཔྱད་ཡིག་ཁག་ལ་ཕྱོགས་ཡོངས་ནས་ཆ་རྒྱུས་ཡོད་དགོས་པ་དང་།  གཉིས་ནས་དུས་སྐབས་མི་འདྲ་བའི་ལོ་རྒྱུས་ཀྱི་སྤྱི་དོན་ལ་རྒྱུས་མངའ་ཡོད་པ།  གསུམ་ནས་ལོ་རྒྱུས་དུས་མཚམས་སོ་སོའི་ཁྱད་ཆོས་དང་སྐད་ཡིག་གི་འཕེལ་འགྱུར་ཆོས་ཉིད་སོགས་ལ་ཞིབ་འཇུག་གཏིང་ཟབ་ཡོད་པ།  བཞི་ནས་དཔྱད་ཡིག་ཞིབ་འཇུག་གི་ཐབས་ཤེས་བཟང་པོ་ལྡན་དགོས་པ་སོགས་ཕུད་དེ་བས་ཀྱང་ཕུལ་དུ་ཕྱིན་པའི་བློ་རིག་དང་བདེན་འཚོལ་གྱི་སྙིང་སྟོབས་བརྟན་པོ་ཞིག་ངེས་པར་ཡོད་དགོས།  བོད་ཀྱི་ལོ་རྒྱུས་ཧྲིལ་པོའི་གཞུང་ཐིག་ནས་བལྟས་ན།  ཁོ་བོས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནི་དུས་རབས་བར་བརྒལ་དང་སྤྱི་ཚོགས་ལམ་ལུགས་བར་བརྒལ་གྱི་ལོ་རྒྱུས་མཁས་དབང་ཞིག་ཏུ་བརྩི་བཞིན་ཡོད།  ཁོང་ལ་ལོ་རྒྱུས་ཞིབ་འཇུག་མཁན་ལ་མངའ་འོས་ཀྱི་དགོངས་པ་ཡང་དག་དང་འགན་སེམས་ཆེན་པོ་ཡོད་པ་ཕུད།  སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་སྲ་ཞིང་བརྟན་པའི་སྟེང་།  ཚན་རིག་དང་མཐུན་པའི་དེང་རབས་ཞིབ་འཇུག་གི་ཐབས་ཤེས་བཟང་བ།  གཟིགས་རྒྱང་དང་གསན་རྒྱ་ཆེ་བ་སོགས་ཐུན་མིན་གྱི་ཁྱད་ཡོན་མང་དུ་མངའ་བ་ལགས།  མཁས་དབང་ཆབ་སྤེལ་མཆོག་ནས་ལོ་མང་རིང་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ལོ་རྒྱུས་རྩོམ་འབྲི་སོགས་ཀྱི་ཕྱག་ལས་མཛད་པའི་བརྒྱུད་རིམ་ཁྲོད་ལོ་རྒྱུས་དཔྱད་ཡིག་ཞིབ་འཇུག་གི་གལ་ཆེའི་རང་བཞིན་གསལ་པོར་གཟིགས་ཏེ་སྔ་རྗེས་སུ་《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ། 》 《བོད་ཀྱི་ཤེས་རིག་ལོ་རྒྱུས་ཐོག་གི་ཕྱོགས་ལྷུང་སྐོར་བཤད་པ། 》《ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེའི་སྐོར་གླེང་བ། 》《གོང་འཕེལ་དུ་འགྲོ་བཞིན་པའི་བོད་ཀྱི་ལོ་རྒྱུས་རིག་པ་》ལ་སོགས་ལོ་རྒྱུས་དཔྱད་ཡིག་ཞིབ་འཇུག་ཐད་ཀྱི་དཔྱད་རྩོམ་བསྟུད་མར་སྤེལ་གནང་བ་རེད།  ཞིབ་འཇུག་གི་ཁྲོད་དུ་ཁོང་གིས་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བའི་ཁྲིད་སྟོན་འོག་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་གཞིར་བཟུང་ནས་ལོ་རྒྱུས་ཀྱི་དངོས་དོན་ལ་གཞི་བཅོལ་ཞིང་།  ཞིབ་ཅིང་རྒྱས་པའི་དཔྱད་གཞིའི་ཡིག་ཆར་བརྟེན་ཐོག་ཞིབ་ཕྲའི་གནད་དོན་ལ་ཞིབ་ཕྲའི་དབྱེ་ཞིབ་མཛད་དེ་སྔ་རབས་ལོ་རྒྱུས་དཔེ་རྙིང་ལ་དགེ་སྐྱོན་གཉིས་ཐད་ནས་དབྱེ་ཞིབ་མཛད་ཡོད།  དེ་ཡང་ཁོང་གིས་“བོད་རིགས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་ཡིན།  གནའ་རབས་ཀྱི་བཤད་རྒྱུན་ཡིག་ཐོག་འཁོད་པ་ལྟར་ན་ཧ་ལམ་མི་ལོ་སྟོང་ཕྲག་འགའ་ཤས་ཀྱི་ལོ་རྒྱུས་ཐོར་ཆགས་དང་སྤུ་རྒྱལ་གྱི་གདུང་རབས་བྱུང་བ་ནས་བརྩིས་ནའང་ལོ་ངོ་ཉིས་སྟོང་ལྷག་སོང་བའི་ལོ་རྒྱུས་རགས་པ་ཙམ་ཡོད་པ་ལྷག་པར་དུ་བཙན་པོ་སྲོང་བཙན་སྒམ་པོ་ཚུན་ཆད་དུ་སངས་རྒྱས་ཆོས་ལུགས་ཀྱི་བྱུང་བ་གཙོ་བོར་བྱས་པའི་ཆོས་འབྱུང་དང་རྒྱལ་རབས་སོགས་ལོ་རྒྱུས་ཀྱི་ཡིག་རིགས་འབོར་ཆེན་ཞིག་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད།  དེ་དག་ནི་བོད་ཀྱི་ལོ་རྒྱུས་རིག་གཞུང་ལ་ཞིབ་འཇུག་བྱ་རྒྱུའི་དཔྱད་གཞི་རིན་པོ་ཆེའི་གཏེར་མཛོད་ལྟ་བུ་འཛམ་གླིང་ས་གནས་གཞན་དུ་མེད་པའི་རིན་ཐང་དཔག་པར་དཀའ་བ་ཞིག་ལོས་ཡིན་” 【2】ཞེས་མེས་པོའི་ཕྱག་རྗེས་ལ་ཚད་མཐོའི་མོས་བཀུར་དང་གཅེས་འཛིན་གྱི་དགོངས་པའི་ཐོག་ནས་དེའི་ལོ་རྒྱུས་ཀྱི་རིན་ཐང་ལ་གདེང་འཇོག་མཐོ་པོ་གནང་ཡོད།  དེ་དང་ཆབས་ཅིག་སྔ་རབས་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆའི་ཐད་གནས་པའི་སྐྱོན་ནམ་ཞན་ཆ་ཇི་ཡོད་ཐད་དབྱེ་ཞིབ་ཟབ་མོ་གནང་བའི་དགོངས་པ་གཙོ་བོ་ཕྱོགས་བསྡུས་བྱས་ན།  གཅིག་ནས་བོད་དུ་“དྲང་ཕྱོགས་དང་ལྡོག་ཕྱོགས་གང་ཐད་ནས་དཔྱད་གཞིའི་རྒྱུ་ཆ་འབོར་ཆེན་ཞིག་ལྡན་པ་སྨོས་མ་དགོས་ཀྱང་མང་པོ་ཞིག་ནི་གཙོ་བོ་ལོ་རྒྱུས་ངོ་མ་མཚོན་པའི་གཞི་འཛིན་ས་ཡིད་རྟོན་རུང་བ་ཞིག་མ་མཆིས་པར་” 【3】གཙོ་བོ་ཆོས་ལུགས་དང་འབྲེལ་བའི་བཤད་རྒྱུན་མང་བ་སྟེ་“ལྷ་ཆོས་དག་སྣང་གི་ལོ་རྒྱུས་དང་དངོས་སྣང་གི་ལོ་རྒྱུས་གཉིས་ཉ་ཉུང་མཉམ་བསྲེས་” 【4】སུ་གནས་པ་དང་།  གཉིས་ནས་“ནང་པ་སངས་རྒྱས་ཀྱི་བསྟན་པ་དེ་རྒྱ་གར་ཚུད་པའི་ཡུལ་ཁམས་གཞན་དག་གང་ཞིག་དང་ཡང་མི་འདྲ་བར་ཁ་བའི་ལྗོངས་འདིར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བརྟེན།  ཟབ་ཅིང་རྒྱ་ཆེ་བའི་བོད་ཀྱི་ཆོས་ལུགས་རིགས་ལམ་དེ་དེང་རབས་འཛམ་གླིང་དུའང་སྙན་གྲགས་ཆེ་ཞིང་བོད་རིག་པའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་བྱ་ཡུལ་གལ་ཆེའི་གྲས་སུ་གྱུར་ཡོད་པ་དེ་ནི་མིའི་རིགས་ཀྱི་ཤེས་རིག་ནོར་མཛོད་ནང་བཞག་པའི་ནོར་བུ་ཁྱད་པར་བ་ཞིག་ལོས་ཡིན།  འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་ད་ཕན་མི་ལོ་སྟོང་ལྷག་རིང་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་རླབས་རྒྱུན་ཁོ་ན་དར་འཕེལ་ཤུགས་ཆེན་བྱུང་བ་དེས་བོད་མི་རིགས་རང་ཉིད་ཀྱི་རྩ་བའི་ལོ་རྒྱུས་དང་ཤེས་རིག་ལ་མགོ་གནོན་དང་ཟུར་འབུད་ཀྱི་ཕྱོགས་ལྷུང་ཚབས་ཆེན་པོ་ཞིག་ཕོག་ཡོད་པ་” 【5】སྟེ།  “བོད་ཀྱི་རིག་པའི་གནད་ཐ་དག་གི་རྩ་བའང་རྒྱ་གར་ལ་གཏུགས་དགོས་པའི་འདོད་ཚུལ་ཞིག་ད་དུང་ཨ་ན་ཨུ་ཚུགས་ཀྱིས་འཆང་གི་ཡོད།  དེ་ལྟར་བྱས་པའི་འབྲས་བུར་བོད་མི་རིགས་རང་ཉིད་ལ་རང་རྐྱ་འཕེར་བའི་ཤེས་རིག་ཅི་ཡང་མེད་པ་ལྟ་བུ་ཆགས་” 【6】ཡོད།  གསུམ་ནས་“ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ངེས་ཅན་ཡོད་པའི་ཡིག་རིགས་ཁག་གཅིག་ནི་གྲུབ་མཐའི་ཕྱོགས་ཞེན་སོགས་ཀྱི་དབང་གིས་མ་དཔེ་བྲིས་མ་རེ་ཟུང་ལས་མེད་པ་དེ་དག་ཀྱང་སྒུལ་མེད་ཀྱི་གླེགས་བམ་ཕུང་པོའི་ཁྲོད་དུ་ཐལ་རྡུལ་གྱིས་གནོན་ནས་ལུས་ཡོད།  དེ་བས་ཡ་མཚན་པ་ཞིག་ལ་རྒྱལ་རབས་ཆོས་འབྱུང་གྲངས་མང་དེ་ཙམ་རྩོམ་པ་པོ་རྣམས་ཀྱིས་ཀྱང་བཙན་པོའི་རྒྱལ་རྒྱུད་སྐབས་སུ་བསྐྲུན་པའི་རྡོ་བརྐོས་ཀྱི་ཡི་གེ་མི་ཉུང་བ་ཙམ་ཞིག་དངོས་སུ་གནས་ཡོད་པ་དེ་དག་ལ་སྤྱན་ཟུར་གཡོ་མཁན་ཧ་ལམ་བྱུང་མེད་པར་བརྟེན་རིན་ཐང་བྲལ་བའི་ལོ་རྒྱུས་ཀྱི་ནོར་བུ་དེ་རྣམས་དཔྱད་གཞིའི་རྒྱུ་ཆའི་ཁོངས་སུ་བརྩི་མཁན་མེད་པར་ཉི་ལྷག་གི་ཁྲོད་དང་ཐ་ན་རྡོ་རིང་ལ་ལའི་རྐེད་པ་ཡས་མས་སའི་འོག་ཏུ་ནུབ་ནས་བལྟ་ཀློག་ཙམ་བྱེད་མི་མེད་པ།  ” 【7】ཡི་རྒྱུ་མཚན་དེའི་རིགས་ཀྱི་རྐྱེན་པས་“བོད་ཀྱི་ལོ་རྒྱུས་དཔེ་རྙིང་འབོར་ཆེན་འདི་ལྟ་བུ་ཡོད་རུང་གནའ་དུས་ཀྱི་གནད་དོན་མང་པོ་ཞིག་ལ་དེང་རབས་ཀྱི་མཁས་པ་ཚོས་ཡིད་རྟོན་དེ་ཙམ་རང་འཐོབ་མི་ཐུབ་པའི་” 【8】སྣང་ཚུལ་དེའི་རིགས་བྱུང་བ་དང་།  བཞི་ནས་“སྔོན་ཆད་བོད་འདིར་སྐབས་རེ་ལོ་རྒྱུས་ཡིག་ཆའི་ནང་དོན་དེ་ཚད་འཛིན་འཕེར་དང་མི་འཕེར་རྩོམ་པ་པོ་སུ་འདྲ་ཞིག་ཡིན་མིན་ལ་བལྟས་ནས་གཏན་འཁེལ་བྱེད་པའི་གོམས་གཤིས་མཁྲེགས་པོ་ཞིག་ཆགས་ཡོད་པ་དཔེར་ན།  《བཀའ་ཆེམས་ཀ་ཁོལ་མ། 》རྒྱས་བསྡུས་སྣ་ཚོགས་དང་《མ་ཎི་བཀའ་འབུམ། 》སོགས་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་ངོ་མའི་གསུང་ཡིན་པར་བརྩི་བ་དང་།  དེ་བཞིན་《རྒྱལ་བཞེད། 》ཅེས་པའང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་གསུང་ཡིན་པར་ཆ་འཇོག་པ་སོགས་བར་སྐབས་དུས་ཡུན་རིང་པོ་ཞིག་རིང་གནའ་རབས་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཁྲོད་རྩོམ་པ་པོ་སུ་ཡིན་དུ་གྲགས་པ་འབའ་ཞིག་རྒྱུ་མཚན་དུ་བྱས་ནས་ཡིག་ཆའི་ནང་དོན་སྐབས་དེའི་ལོ་རྒྱུས་དངོས་དང་མཐུན་མིན་དང་བོད་ཀྱི་སྐད་ཡིག་འཕེལ་འགྱུར་གྱི་ཆོས་ཉིད་སོགས་ལ་དཔྱད་བསྡུར་རྩ་བ་ནས་མི་བྱེད་” 【9】པའི་སྣང་ཚུལ་ཚབས་ཆེ་བས་ང་ཚོས་“སྔོན་བྱོན་མི་རབས་མང་པོས་སྐུ་ངལ་ཆེན་པོས་བསྐྲུན་པའི་རྒྱལ་རབས་ཆོས་འབྱུང་རྣམས་ལ་ཕྱི་ཡུལ་གྱི་དཔྱད་གཞིའི་ཆ་རྐྱེན་འཛོམས་པའི་སྐབས་འདིར་ལོ་ཚིགས་སོགས་ལ་དགོས་ངེས་ཀྱི་དག་ཐེར་བྱེད་དགོས་” 【10】པའི་སྐུལ་མ་མཛད་ཡོད།  བློ་དམན་ཁོ་བོས་བལྟས་ན་དེ་ནི་དེང་གི་དུས་བར་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆར་འཐུས་སྒོ་ཚང་ཤོས་དང་ཚན་རིག་དང་མཐུན་ཤོས་ཀྱི་དབྱེ་ཞིབ་དང་གདེང་འཇོག་ཅིག་ཡིན་པར་སྙམ།

    གཉིས་པ།  ཡིད་རྟོན་རུང་བའི་དཔྱད་གཞིའི་རྒྱུ་ཆ་བཙན་པོར་གཞི་བཅོལ་ནས་རྙོག་འཛིང་ཆེ་བའི་བོད་ཀྱི་གནའ་རབས་ལོ་རྒྱུས་ཁྲོད་ཀྱི་གལ་ཆེའི་གནད་དོན་མང་པོར་རྟོགས་དཔྱོད་མཛད་པ།

    བོད་ཀྱི་གཏམ་དཔེར་‘ཆུ་ཕྱེད་ཀ་ཙམ་བརྒལ་བས་ཧ་ཕྱེད་ཀ་ཙམ་གོ་’ཞེས་དང་།  རྒྱ་རིགས་ཀྱི་གཏམ་དཔེར་‘ཇི་ཙམ་མཐོ་སར་ལངས་བ་དེ་ཙམ་གྱིས་མཐོང་རྒྱ་ཆེ་རུ་འགྲོ་’ཞེས་པ་ལྟར་བྱ་བ་གང་ཞིག་སྒྲུབ་ཀྱང་རང་གིས་དེར་ཇི་ཙམ་གྱིས་སེམས་ནུས་བཏོན་ཏེ་རྒྱུས་མངའ་དང་ཞིབ་འཇུག་མང་བ་བྱས་ཚེ་དེ་ཙམ་གྱིས་བྱ་བ་དེའི་དགེ་སྐྱོན་གསལ་པོར་མཐོང་ཐུབ་པ་ཡིན།  ཆབ་སྤེལ་མཆོག་ནས་ཀྱང་ལོ་མང་རིང་དཀའ་སྡུག་ཇི་སྙེད་བཟོད་པར་མཛད་དེ་བོད་ཀྱི་སྔ་རབས་ལོ་རྒྱུས་ཞིབ་འཇུག་གི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ལས་འགན་ཕྲག་ཏུ་བཞེས་ནས་ཞིབ་འཇུག་གི་བྱ་བར་རྩེ་གཅིག་ཏུ་གཞོལ་བའི་ཁྲོད་རྙོག་འཛིང་ཅན་གྱི་གནད་དོན་མང་པོ་ཞིག་ཡོད་པ་མཁྱེན་རྟོགས་བྱུང་བ་རེད།  ཁོང་གིས་“དོགས་གནད་ཡོད་སར་རྒྱུ་མཚན་དྲངས་ཏེ་དཔྱད་པ་དང་བགྲོ་གླེང་བྱ་རྒྱུ་ནི་ཞིབ་འཇུག་གི་དགོས་པ་ཡིན་” 【11】ཞེས་དང་གལ་ཏེ་གནད་དོན་དེ་དག་མ་དག་རྒྱུན་འབྱམས་སུ་སོང་ཁར་བཏང་སྙོམས་སུ་བཞག་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་མ་བྱས་ན་“ཞིབ་འཇུག་གི་བྱ་བར་འཇུག་མཁན་ཚོ་ཡང་མགོ་བོ་འཁོར་ཞིང་ཐ་ན་འགྲོ་ལམ་ནོར་བའི་དཀའ་ངལ་འཕྲད་པ་” 【12】དང་གཞན་གྱི་སྣང་ངོར་“བོད་ཀྱི་གནའ་རབས་ལོ་རྒྱུས་དངོས་འབྲེལ་དེ་བོད་པ་རང་ལའང་བཤད་རྒྱུ་མེད་པ་ཆགས་ཚར་འདུག་སྙམ་” 【13】རྒྱུ་མ་ཟད་“མི་རིགས་ཀྱི་རང་ཚུགས་དང་གསར་གཏོད་ཀྱི་སྙིང་སྟོབས་རིམ་བཞིན་ཉམས་དམས་སུ་འགྲོ་བར་ཤུགས་རྐྱེན་ཐེབས་རྒྱུ་” 【14】ཡིན་པའི་ཉེ་རིང་གཉིས་ཐད་ཀྱི་ཉེས་སྐྱོན་གསལ་པོར་བསྟན་ཡོད།  དེ་བས་“དེང་སྐབས་རྒྱལ་ཕྱི་རྒྱལ་ནང་གང་སར་བོད་རིག་པའི་ཞིབ་འཇུག་གི་བྱ་གཞག་དབྱར་མཚོ་ལྟར་རྒྱས་བཞིན་པ་དང་རང་རེའི་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་ཡང་སྔར་དང་མི་འདྲ་བར་ཕུན་སུམ་ཇེ་ཚོགས་སུ་འགྱུར་བ།  མི་རྣམས་ཀྱི་བསམ་བློའི་ངོས་འཛིན་གསལ་ཞིང་ཤེས་ཚད་གོང་མཐོར་འགྲོ་བཞིན་པ་བཅས་ཀྱི་ཆ་རྐྱེན་” 【15】བཟང་པོ་བེད་སྤྱད་དེ་བོད་ཀྱི་སྔ་རབས་ལོ་རྒྱུས་ཀྱི་བཤད་ཚུལ་མི་མཐུན་པ་རྣམས་ལ་ཞིབ་འཇུག་བྱས་ན་ཕན་ཡོན་བླ་ལྷག་ལྡན་པར་གསུངས།  བོད་ཀྱི་སྔ་རབས་ལོ་རྒྱུས་ཀྱི་གལ་ཆེའི་གནད་དོན་ཐད་རྙོག་འཛིང་ཅན་གྱི་གླེང་ཚུལ་ཇི་འདྲ་ཡོད་ཚུལ་ཁོང་གིས་ཕྱོགས་སྡོམ་མཛད་པར་“གལ་ཆེའི་གནད་དོན་རབ་དང་རིམ་པའི་ཐད་རིགས་ལམ་བཤད་ལུགས་མི་འདྲ་བ་དང་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་མི་མཐུན་པ།  ཡུན་རིང་གོམས་གཤིས་ཀྱིས་བསླད་པའི་བག་ཆགས་སོགས་རྒྱུ་རྐྱེན་དུ་མ་ཞིག་ལ་བརྟེན་ནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་དེ་དག་གི་ནང་དུའང་རྙོག་འཛིང་ཧ་ཅང་ཆེན་པོ་ཡོད།

    དཔེར་ན་བོད་མིའི་ཐོག་མའི་འབྱུང་ཁུངས་དང་།  སྤུ་རྒྱལ་གདུང་རབས་ཀྱི་རྩ་བའི་ཆད་ཁུངས།  གདུང་རྒྱུད་དེའི་རྒྱལ་རབས་གནས་སྟངས།  བཙན་པོ་སྲོང་བཙན་སྒམ་པོ་ལ་སོགས་པའི་འཁྲུངས་གཤེགས་ཀྱི་ལོ་གྲངས་དང་མཛད་པ་བསྐྱངས་ཚུལ་སོགས་དེ་དང་དེ་འདྲའི་གནད་དོན་མང་པོ་ཞིག་གི་སྐོར་རང་རེའི་ཡིག་ཆ་ཕན་ཚུན་བཤད་སྟངས་མི་འདྲ་བ་དང་འཛིན་སྟངས་མི་མཐུན་པ་སྣ་ཚོགས་ཤིག་མཆིས། ” 【16】གནད་དོན་དེ་དག་ལ་དམིགས་ཏེ་ཁོང་གིས་སྔ་རྗེས་སུ་《སྤུ་རྒྱལ་ཞེས་པའི་ཐ་སྙད་ལ་དཔྱད་པ། 》《གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་ཡིན། 》《སྤུ་རྒྱལ་གྱི་གདུང་རབས་བརྩི་ཚུལ་སྐོར། 》《གྲི་གུམ་བཙན་པོ་ལ་སྲས་དུ་ཙམ་ཡོད་པའི་སྐོར། 》《བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་འཁྲུངས་གཤེགས་ཀྱི་ལོ་དུས་སྐོར། 》《ལྡན་མ་བྲག་རྩའི་བྲག་བརྐོས་ཡིག་རིས་དེ་ཡང་སྙིང་བཙན་པོ་སུ་ཞིག་གི་སྐུ་དུས་ལ་བཞེངས་པ་ཡིན། 》《དར་མ་འུ་དུམ་བཙན་གྱི་སྐབས་ཆོས་བསྣུབས་པའི་ལྕགས་བྱ་ལོའི་སྐོར། 》《ལྷ་ས་གཙུག་ལག་ཁང་གི་ལོ་རྒྱུས་བཤད་ཚུལ་ལ་ཞིབ་འཇུག་བྱས་པ་》ལ་སོགས་ཆེན་དོན་དཔྱད་རྩོམ་ལུ་གུ་རྒྱུད་དུ་སྤེལ་བར་མཛད།  འགངས་ཆེའི་གནད་དོན་དེ་དག་སྐོར་ལ་ཁོང་གིས་སྒམ་ནན་གྱི་རྣམ་འགྱུར་ཐོག་ནས་ཧ་ལས་དགོས་པའི་དཔྱད་སྡུར་ཚགས་སུ་ཚུད་པ་གནང་ཡོད་པ་དཔེར་ན།  《ལྷ་ས་གཙུག་ལག་ཁང་གི་ལོ་རྒྱུས་བཤད་ཚུལ་ལ་ཞིབ་འཇུག་བྱས་པ་》ཞེས་པར་སྔ་རབས་ལོ་རྒྱུས་ཀྱི་དཔེ་རྙིང་མི་འདྲ་བ་ཁག་སུམ་ཅུ་ཙམ་བེད་སྤྱད་ནན་བསྡུུར་གནང་ཡོད་པ་དང་།  དེ་མིན་དཔྱད་རྩོམ་གཞན་དུའང་ལོ་རྒྱུས་དཔེ་རྙིང་དང་གནའ་རྫས་རྟོག་ཞིབ་ཀྱི་འབྲས་བུ།  ཏུན་ཧོང་གི་ཡིག་ཆ།  རྡོ་རིང་བརྐོས་ཡིག་བྲག་བརྐོས་ཡི་གེ་ལ་སོགས་པའི་ཆེས་ཕུན་སུམ་ཚོགས་པའི་རྒྱུ་ཆ་དཔྱད་གཞིར་བཟུང་བའི་ཐོག  སྡུར་བ་དང་རིགས་འདེད་ལ་སོགས་ཚན་རིག་གི་ཞིབ་འཇུག་བྱེད་ཐབས་སྤྱད་པས་ཀུན་གྱིས་ཁས་ལེན་འོས་ཤིང་རྐང་པ་བརྟན་པོར་ཚུགས་ཐུབ་པའི་ཞིབ་འཇུག་གི་འབྲས་བུ་སྟེ།  གཉའ་ཁྲི་བཙན་པོ་ནི་གནམ་གྱི་ལྷ་ལས་མི་ཡུལ་གྱི་རྗེ་བོར་བྱོན་པ་ཞེས་པ་དང་།  རྒྱ་གར་གྱི་རྒྱལ་རྒྱུད་ལས་ཆད་པ་ཡིན་ཟེར་བ།  ཤར་ཕྱོགས་ནས་ཡོང་བའི་འཕན་མྱི་ཡིན་ཟེར་བ་སོགས་ཀྱི་འདོས་ཚུལ་སོ་སོར་བསུན་ཕྱུང་ནས་གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་ཡིན་པར་བསྒྲུབ་པ་དང་།  སྤུ་རྒྱལ་གྱི་གདུང་རབས་བརྩི་ཚུལ་ཐད་གནམ་གྱི་ཁྲི་བདུན་དང་སྟོད་ཀྱི་སྟེང་གཉིས་ཞེས་པའི་འདྲེན་ཚུལ་དོགས་སློང་མཛད་ཅིང་ལུང་རིགས་གཉིས་ཐད་ནས་“གྲི་གུམ་བཙན་པོ་སྤུ་རྒྱལ་གྱི་གདུང་རབས་བདུན་པ་ཉག་གཅིག་ཡིན་པས་” 【17】གནམ་གྱི་ཁྲི་བདུན་དང་སྟོད་ཀྱི་སྟེང་གཅིག་གི་འདྲེན་ཚུལ་ཡང་དག་པར་བསྒྲུབ་པ།  བོད་ཀྱི་རྒྱལ་རབས་ཆོས་འབྱུང་དང་བོན་གྱི་ལོ་རྒྱུས་སོགས་ཡིག་རིགས་ཕལ་ཆེ་བར་གྲི་གུམ་བཙན་པོ་ལ་སྲས་ཤ་ཁྲི།  བྱ་ཁྲི།  ཉ་ཁྲི་གསུམ་ཡོད་པ་ཀོང་པོའི་ཕྱོགས་སུ་སྤྱུགས་པའི་འདོད་ཚུལ་བཀག་ནས་བོན་གྱི་ཡིག་ཆ་གཞན་དང་ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེ།  ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ཡིག་རྙིང་སོགས་ལྷད་མེད་ཡིག་ཆ་བཙན་པོར་དབྱེ་ཞིབ་མཛད་དེ་“གྲི་གུམ་བཙན་པོར་སྲས་གཉིས་ལས་མེད་པ་དང་དེ་ཡང་ཆེ་བ་ཉ་ཁྱིའམ་ཉ་ཁྲི་དང་ཆུང་བ་ཤ་ཁྱིའམ་ཤ་ཁྲི་ཡིན་པར་”【18】བསྒྲུབ་པ།  ཐང་རྒྱལ་རབས་ཀྱི་ལོ་རྒྱུས་སོགས་ཀྱི་དུས་མཉམ་མི་སྣ་དང་དབོན་ཞང་རྡོ་རིང་ཡི་གེ།  དེ་བཞིན་རྒྱལ་རབས་ཆོས་འབྱུང་དཔེ་རྙིང་ལ་དཔྱད་པ་མཛད་དེ་སྲོང་བཙན་སྒམ་པོའི་འཁྲུངས་ལོ་སྤྱི་ལོ་༦༡༧ཡིན་པ་མཁས་དབང་དགེ་འདུན་ཆོས་འཕེལ་ནས་བསྟན་པ་དག་ཡང་དག་ཡིན་པར་བསྒྲུབ་པ།  དེ་བཞིན་ལྷ་སའི་གཙུག་ལག་ཁང་འདི་ཉིད་སྤྲུལ་པས་བཞེངས་ཚུལ་གྱི་“ལྷ་སྒྲུང་”དེ་བཀག་ནས་“བོད་ཀྱི་གནའ་རབས་འཛུགས་སྐྲུན་དངོས་པོའི་དཔེ་ཚད་དུ་གྱུར་པའི་ལྷ་ཁང་”【19】ཞིག་ཡིན་པར་བསྒྲུབ་པ།  བོད་ཀྱི་སྐད་ཡིག་གི་འཕེལ་འགྱུར་དང་ཡིག་ཆའི་ནང་དོན་ལ་དཔྱད་བསྡུར་ཞིབ་མོ་མཛད་དེ་ཤུགས་རྐྱེན་ཆེ་བའི་《བཀའ་ཆེམས་ཀ་ཁོལ་མ་》ཟེར་བའི་ཡིག་ཆ་དེ་སྲོང་བཙན་སྒམ་པོ་སྐུ་དངོས་ཀྱི་ཞལ་གསུངས་གཏན་ནས་མ་ཡིན་པར་དེ་ནི་དུས་རབས་བཅུ་གཅིག་གམ་བཅུ་གཉིས་པའིནང་བྲིས་པའི་“ངེས་མེད་དག་སྣང་གི་འཆར་ཚུལ་ཆོས་ལུགས་རིག་པའི་ཁོངས་སུ་གཏོགས་པའི་” 【20】ཡིག་ཆ་ཞིག་ཡིན་པར་བསྒྲུབ་པ་སོགས་རྗེས་སུ་ཡི་རང་ཞུ་འོས་པའི་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད་པ་འདིར་རེ་རེ་བཞིན་ཞུ་མི་སྤོབས་པ་འདི་དག་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐོག་གི་དཔེ་མཚོན་རང་བཞིན་གྱི་འབྲས་བུར་གྱུར་ཡོད་ལ་བོད་ཀྱི་གནའ་རབས་ལོ་རྒྱུས་ཞིབ་འཇུག་གི་དུས་རབས་གསར་པ་ཞིག་གཏོད་པ་ཡིན་ཞེས་ཀྱང་བརྗོད་ཆོག

    གསུམ་པ།  བྱ་སྤྱོད་ངོ་མའི་ཐོག་ནས་ཕྱི་རབས་པར་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞིབ་འཇུག་གི་ཐབས་ལམ་བཟང་པོ་དང་མིག་དཔེ་བཟང་པོ་བསྟན་པ།

    མཁས་དབང་ཆབ་སྤེལ་མཆོག་ལ་སྔ་རབས་ལོ་རྒྱུས་ཞིབ་འཇུག་ཐད་གཡུར་དུ་ཟ་བའི་འབྲས་བུ་ཐོབ་པ་དེ་དག་ཐམས་ཅད་བྱ་བ་དེར་འཇུག་མཁན་ང་ཚོ་ཕྱི་རབས་པའི་ངོས་ནས་བརྗོད་ན་འཛད་མཐའ་མེད་པའི་ལོངས་སྤྱོད་ཅིག་ཏུ་གྱུར་བ་མ་ཟད།  དེ་བས་གལ་ཆེ་བ་ཞིག་ནི་ཁོང་གིས་ང་ཚོར་ལོ་རྒྱུས་ཡིག་ཆའི་ཞིབ་འཇུག་ཐད་བསྟན་པའི་ཐབས་ལམ་བཟང་པོ་དང་མིག་དཔེར་འོས་པའི་ཞིབ་འཇུག་པ་ཞིག་གི་བདེན་འཚོལ་སྙིང་སྟོབས་དག་ཡིན།  ཁོང་གིས་ཞིབ་འཇུག་གི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ང་ཚོར་བློ་སྒོ་ཆེན་པོ་འབྱེད་ཐུབ་པའི་ལེགས་བཤད་རབ་དང་རིམ་པ་འཇོག་གནང་མཛད་པ་དེ་དག་རེ་རེ་བཞིན་བགྲང་བར་མི་ནུས་པས།  འདིར་དཔེ་མཚོན་ཙམ་ཞུས་ན།  ཞིབ་འཇུག་གི་མཛུབ་ཁྲིད་བསམ་བློའི་ཐད་ཆོས་ལུགས་དག་སྣང་གི་བསམ་འདུན་དང་ལོ་རྒྱུས་ཀྱི་དངོས་དོན་གཉིས་ཉ་ཉུང་མཉམ་བསྲེས་སུ་གླེང་བའི་ནོར་འཁྲུལ་གྱི་མུན་ཁུང་ལས་དོན་ཏེ།  “ལོ་རྒྱུས་དངོས་གཙོ་རིང་ལུགས་དང་སྤྱི་ཚོགས་འཕེལ་འགྱུར་གྱི་ཚན་རིག་ལྟ་བ་གཞིར་འཛིན་པའི་ཁ་ཕྱོགས་སུ་བསྒྱུར་དགོས་པ། ” 【21】དང་ལོ་རྒྱུས་དཔྱད་གཞིའི་ཡིག་ཆར་གདེང་འཇོག་ཇི་ལྟར་བྱེད་དགོས་པའི་ཐད་“བཤད་ཚུལ་མི་འདྲ་བའི་ལོ་རྒྱུས་ཀྱི་དཔྱད་གཞིར་དབྱེ་ཞིབ་བྱེད་སྐབས་ཡིག་རིགས་སྐད་གྲགས་ཆེ་ཆུང་དང་གྲངས་འབོར་མང་ཉུང་།  བར་སྐབས་ཀྱི་བརྩི་སྲོལ་ཁྱབ་ཆེ་ཆུང་སོགས་ལ་བལྟ་རྒྱུ་མེད་པར་དོན་དམ་ལོ་རྒྱུས་ཀྱི་ཁུངས་ལུང་ངོ་མ་གཞིར་འཛིན་དགོས་པ་” 【22】དང་།  ངེས་པར་དུ་དོན་དངོས་དང་མཐུན་མི་མཐུན་གཞིར་འཛིན་རྒྱུ་གཙོ་བོར་འཇོག་དགོས་པ་སྟེ།  “ང་ཚོས་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྒྱལ་རབས་དང་ཆོས་འབྱུང་སྣ་ཚོགས།  བོན་གྱི་ལོ་རྒྱུས་དང་བསྟན་འབྱུང་།  རྣམ་ཐར་རིགས་དང་ཁྱིམ་རྒྱུད་ཀྱི་བྱུང་བ་བརྗོད་པ།  དེ་མིན་གྱི་ཡིག་ཆ་གཞན་དག་བཅས་གང་ཞིག་ཡིན་ནའང་རྨོངས་ཞེན་དང་ཕྱོགས་རིས་ཀྱི་ལྟ་བས་མ་བསླད་པར་གཙོ་བོ་ནང་དོན་ཐད་སྐབས་དེ་རང་གི་ལོ་རྒྱུས་དངོས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་འཁོད་ཇི་ཙམ་མང་བ་དང་ཁུངས་བཙན་པ།  ཁ་གསལ་ལ་ཞིབ་ཚགས་པ་སོགས་ཡོད་པ་ཡིན་ཕྱིན་ཡིག་ཆ་མིང་ཆེ་ཆུང་དང་ཤོག་གྲངས་མང་ཉུང་།  རྩོམ་པ་པོ་སྙན་གྲགས་ཡོད་མེད་སོགས་ལ་མ་ལྟོས་པར་བོད་ཀྱི་ལོ་རྒྱུས་ངོ་མའི་ཞིབ་འཇུག་གི་དཔྱད་གཞིར་དེ་ཙམ་གྱིས་མཁོ་ཕན་ཆེ་བའི་ལྟ་བ་གསལ་བརྟན་ཞིག་འཛུགས་དགོས་པར་” 【23】གསུངས།  ལོ་རྒྱུས་ཞིབ་འཇུག་གི་དགོས་པ་ཇི་ཡིན་ངོས་འཛིན་གསལ་པོ་ཞིག་དགོས་རྒྱུའི་ཐད།  སྔོན་ཆད་“ཆོས་ལུགས་ཀྱི་བསམ་བློ་བརྒྱུད་བསྒྲགས་བྱེད་པ་བརྒྱུད་མི་རྣམས་ཀྱི་བསམ་བློ་ཚུར་བཀུག་ནས་གྲུབ་མཐའ་དེ་དང་མི་རྒྱུད་དེའི་མངའ་ཐང་རྒྱུན་བསྲིངས་ཡར་རྒྱས་གཏོང་བའི་དམིགས་ཡུལ་འགྲུབ་ཐབས་བྱེད་པ་” 【24】ལས་ལྡོག་སྟེ་“མིའི་རིགས་ཀྱི་ལོ་རྒྱུས་ནི་མཐར་གཏུགས་ན་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་མཚོན་པ་དེ་ཡིན་པས་སྤྱི་ཚོགས་ཚན་རིག་གི་ལྟ་ཚུལ་གཞིར་བཟུང་ནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཐུབ་ན་གཞི་ནས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་ཆབ་སྲིད་དཔལ་འབྱོར།  རིག་གནས།  བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་སྤྱི་ཚོགས་ཀྱི་སྣང་ཚུལ་རྙོག་འཛིང་ཅན་མཐའ་དག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་བཤད་བྱེད་ཐུབ་ཀྱི་ཡོད་པ་མ་ཟད་མ་འོངས་པར་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་ཁ་ཕྱོགས་དང་བྱ་ཐབས་རབ་དང་རིམ་པ་གཏན་འཁེལ་བྱེད་ཐུབ་ཀྱི་ཡོད། ” 【25】པའི་ལྟ་བ་གསལ་པོར་འཛུགས་དགོས་པ་དང་།  ཞིབ་འཇུག་གི་བྱ་བ་དངོས་ལ་འཇུག་སྐབས་དཔྱད་གཞིའི་ཡིག་ཆ་ཁེར་རྐྱང་ཞིག་ལ་ལྟོས་ནས་ཡིན་ཐག་མ་གཅོད་པར་“སྔར་གྱི་བྱུང་བ་ངོ་མ་དེ་ཤེས་རྟོགས་གང་ཐུབ་ཡོང་བ་ཞིག་བྱེད་བསམ་ན་ལོ་རྒྱུས་ཀྱི་ཡིག་ཆ་ཁག་གི་ནང་ལ་དངོས་ཐོག་བདེན་འཚོལ་གྱི་དབྱེ་ཞིབ་ནན་པོ་བྱེད་དགོས་པ་” 【26】དང་ལྷག་དོན་ཞིབ་འཇུག་གི་བྱ་གཞག་འདིར་འཇུག་འདོད་ཡོད་པའི་གཞོན་སྐྱེས་ཚོར་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་“བོད་ཀྱི་རིགས་གནས་སློབ་སྦྱོང་དང་ཞིབ་འཇུག་ལ་སྤྲོ་བ་རྣམས་ཀྱིས་ཐོག་མར་ཅི་ནས་ཀྱང་བོད་ཀྱི་བརྡ་སྤྲོད་རིག་པར་སློབ་གཉེར་དཔྱིས་ཕྱིན་པ་ཞིག་གནང་གལ་ཆེ་བ་དེ་ལྟར་མ་བྱུང་ཚེ་ཞིབ་འཇུག་ནི་དེ་བས་ལྟ་སྨོས་ཀྱང་ཅི་དགོས།  དེའི་ཕྱིར་རྨང་གཞི་འདི་ཉིད་ལེགས་པར་བཏིངས་ཏེ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་མཛད་དགོས།  རྒྱལ་ཕྱི་རྒྱལ་ནང་དུ་བོད་རིག་པར་ཞིབ་འཇུག་མཛད་མཁན་ཤིན་ཏུ་མང་མོད་རང་ལྗོངས་ནི་བོད་རིག་པའི་གཤིན་ས་ལྟ་བུ་ཡིན་པས་མཐུན་རྐྱེན་གང་ལེགས་འཛོམ་པའི་དུས་བབ་དང་བསྟུན་ཏེ་གྲོག་མ་རུས་ཐོགས་ཀྱི་དཔེ་ཇི་བཞིན་དུ་འབད་འབུངས་ལྷོད་མེད་མཛད་པའི་རེ་བ་ཞུའོ་” 【27】ཞེས་གདམས་པ་མཛད་ཡོད།  གཞན་ཡང་ཁོང་གི་ལོ་རྒྱུས་ཞིབ་འཇུག་ཐད་ཀྱི་ཞིབ་ཚགས་དོ་ནན་གྱི་རྣམ་འགྱུར་དང་རྙིང་ཞེན་བག་ཁུམས་རིང་ལུགས་པའི་བཀག་རྒྱ་ལ་ཇི་མི་སྙམ་པའི་བདེན་དོན་མཐའ་འཁྱོངས་ཀྱི་སྙིང་སྟོབས།  རང་མི་རིགས་དང་མི་རིགས་ཀྱི་རིག་གནས་ལ་བཅངས་པའི་གཅེས་སེམས།  ང་རྒྱལ་སྤོབས་སེམས་ཀྱི་གཡའ་དང་བྲལ་བར་ཡ་རབས་ཁེངས་སྐྱུངས་ཀྱི་མཛད་སྤྱོད་བཟང་པོ་སོགས་དེ་དག་ཐམས་ཅད་ནི་ང་ཚོས་ནམ་ཡང་སློབ་སྦྱོང་ཞུ་འོས་ཀྱི་དཔེ་མཚོན་ཡིན་པ་མ་ཟད་དེ་དག་ལས་ང་ཚོར་ཞིབ་འཇུག་གི་ཡང་དག་པའི་ལམ་བཟང་པོ་ཞིག་ཀྱང་སྟོན་པར་མཛད་ཡོད།

    མཆན་འགྲེལ།

    【1】ཁྲེན་ཕུང་གི་《ལོ་རྒྱུས་ཞིབ་འཇུག་དང་དེང་རབས་སྤྱི་ཚོགས་》ཞེས་པ་《ཅང་ཧན་བགྲོ་གླེང་། 》༡༩༩༨ལོའི་འདོན་ཐེངས་༨པའི་ཤོག་གྲངས་༢༤ནང་གསལ།

    【2】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【3】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【4】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【5】《བོད་ཀྱི་ཤེས་རིག་ལོ་རྒྱུས་ཐོག་གི་ཕྱོགས་ལྷུང་སྐོར་བཤད་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༢༢༨ —༢༥༢བར་གསལ།

    【6】《བོད་ཀྱི་ཤེས་རིག་ལོ་རྒྱུས་ཐོག་གི་ཕྱོགས་ལྷུང་སྐོར་བཤད་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༢༢༨ —༢༥༢བར་གསལ།

    【7】《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་འབྲེལ་ཡོད་འགྱུར་ལྡོག་ལ་ཕྱིར་དྲན་བྱས་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོའི་ཤོག་གྲངས་༦༠༡  ——༦༠༧བར་གསལ།

    【8】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【9】ཆབས་སྤེལ་ཚེ་བརྟན་ཕུན་ཚོགས་གྱི་《“རྒྱལ་རབས་གསལ་བའི་མེ་ལོང་”རྩོམ་པ་པོ་དང་བརྩམས་དུས་སྐོར་གྱི་བསྐྱར་གླེང་》ཞེས་པ་《བོད་ལྗོངས་ཞིབ་འཇུག་》༡༩༩༣ལོའི་འདོན་ཐེངས་༤པའི་ཤོག་གྲངས་༡༤༡ —༡༥༠བར་གསལ།

    【10】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【11】ཆབས་སྤེལ་ཚེ་བརྟན་ཕུན་ཚོགས་གྱི་《“རྒྱལ་རབས་གསལ་བའི་མེ་ལོང་”རྩོམ་པ་པོ་དང་བརྩམས་དུས་སྐོར་གྱི་བསྐྱར་གླེང་》ཞེས་པ་《བོད་ལྗོངས་ཞིབ་འཇུག་》༡༩༩༣ལོའི་འདོན་ཐེངས་༤པའི་ཤོག་གྲངས་༡༤༡ —༡༥༠བར་གསལ།

    【12】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【13】《ལྷ་ས་གཙུག་ལག་ཁང་གི་ལོ་རྒྱུས་བཤད་ཚུལ་ལ་ཞིབ་འཇུག་བྱས་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོའི་ལྕགས་པར་མའི་ཤོག་གྲངས་༣༣ —༣༥ནང་གསལ།

    【14】《བོད་ཀྱི་ཤེས་རིག་ལོ་རྒྱུས་ཐོག་གི་ཕྱོགས་ལྷུང་སྐོར་བཤད་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༢༢༨ —༢༥༢བར་གསལ།

    【15】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【16】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【17】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【18】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【19】《ལྷ་ས་གཙུག་ལག་ཁང་གི་ལོ་རྒྱུས་བཤད་ཚུལ་ལ་ཞིབ་འཇུག་བྱས་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོའི་ལྕགས་པར་མའི་ཤོག་གྲངས་༣༣ —༣༥ནང་གསལ།

    【20】《ལྷ་ས་གཙུག་ལག་ཁང་གི་ལོ་རྒྱུས་བཤད་ཚུལ་ལ་ཞིབ་འཇུག་བྱས་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོའི་ལྕགས་པར་མའི་ཤོག་གྲངས་༣༣ —༣༥ནང་གསལ།

    【21】《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་འབྲེལ་ཡོད་འགྱུར་ལྡོག་ལ་ཕྱིར་དྲན་བྱས་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོའི་ཤོག་གྲངས་༦༠༡  ——༦༠༧བར་གསལ།

    【22】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【23】《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོ་ལྕགས་པར་མའི་ཤོག་གྲངས་༡༩༥ -༢༢༡བར་གསལ།

    【24】《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་འབྲེལ་ཡོད་འགྱུར་ལྡོག་ལ་ཕྱིར་དྲན་བྱས་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོའི་ཤོག་གྲངས་༦༠༡  ——༦༠༧བར་གསལ།

    【25】《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་འབྲེལ་ཡོད་འགྱུར་ལྡོག་ལ་ཕྱིར་དྲན་བྱས་པ་》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༢ལོའི་ཤོག་གྲངས་༦༠༡  ——༦༠༧བར་གསལ།

    【26】ཆབས་སྤེལ་ཚེ་བརྟན་ཕུན་ཚོགས་གྱི་《“རྒྱལ་རབས་གསལ་བའི་མེ་ལོང་”རྩོམ་པ་པོ་དང་བརྩམས་དུས་སྐོར་གྱི་བསྐྱར་གླེང་》ཞེས་པ་《བོད་ལྗོངས་ཞིབ་འཇུག་》༡༩༩༣ལོའི་འདོན་ཐེངས་༤པའི་ཤོག་གྲངས་༡༤༡ —༡༥༠བར་གསལ།

    【27】ཞབས་ཤར་ཟླ་བ་ཚེ་རིང་།  《མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ་》ཞེས་པ་《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་》༢༠༠༥ལོའི་འདོན་ཐེངས་དང་པོའི་ཤོག་གྲངས་༤པར་གསལ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།