[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་བྱུང་རིམ།
  • ཏུན་ཧོང་ཡིག་རྙིང་p.t.1287ཁྲོད་ཀྱི་མྱང་ཙེང་སྐུས་བླངས་པའི་མགུར་ཚིག་གི་ཡི་གེ་བཤུས་སྐྱོན་སྐོར་གྱི་གནད་དོན་འགའ་གླེང་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ སྟོབས་ལྡན།    |    སྤེལ་དུས།   2016-10-28

    ནང་དོན་གནད་བསྡུས།

    ཏུན་ཧོང་ཡིག་རྙིང་P.T.1287ཁྲོད་ཀྱི་མྱང་ཙེང་སྐུས་བླངས་པའི་མགུར་གླུ་སྔ་ཕྱི་གཉིས་ཀྱི་བརྡ་སྤྲོད་དང་ཚིག་འགྲོས། བརྗོད་བྱ་སོགས་ཀྱི་ཁྱད་ཆོས་རྣམས་གོ་བསྡུར་བ་ལ་བརྟེན་ནས་མགུར་ཚིག་སྔ་མའི་ནང་དུ་ཡི་གེ་བཤུས་སྐྱོན་དང་ཆད་ལྷག་བྱུང་ཡོད་པར་བསྟན་པ་མ་ཟད། ལྷག་པར་མགུར་གླུ་འདིའི་ནང་གི་ཡི་གེ་བཤུས་སྐྱོན་ལ་ཕྱིས་ཀྱི་ཡི་གེའི་འགྲེལ་བཤད་སྨྲ་བ་སུས་ཀྱས་བློ་དོགས་ཕྲན་བུ་ཙམ་ཡང་མ་མཛད་པར་དེ་ལུགས་ཀྱིས་འགྲེལ་ནས་དོན་དངོས་ཀྱི་མགུར་གླུའི་བརྗོད་བྱ་ལ་གོ་བ་གནད་དུ་མ་སོང་བར་བསྟན་ཡོད།

    བརྡ་ཆད་གཙོ་བོ།   ཏུན་ཧོང་ཡིག་རྙིང་། མྱང་ཙེང་སྐུ།   མགུར་ཚིག  བཤུས་སྐྱོན།

    ཏུན་ཧོང་ཡིག་རྙིང་P.T.1287ཁྲོད་དུ་བོད་ཀྱི་བཙན་པོ་སྤུ་དེ་གུང་རྒྱལ་གྱི་དུས་སུ་བཙན་པོ་རང་གིས་བླངས་པའི་མགུར་སྔ་ཕྱི་མི་འདྲ་བ་གསུམ་དང་ངར་ལས་སྐྱེས་ཀྱིས་བླངས་པའི་མགུར་གཉིས། དེ་མིན་སྟག་རི་སྙ་གཟྀགས་ཀྱི་སྐབས་སུ་མྱང་སྨོན་ཏོ་རེ་ཙེང་སྐུས་བླངས་པའི་མགུར་དང་། གནམ་རི་སྲོང་བཙན་གྱི་དུས་སུ་མྱང་དབའས་གཉིས་ཀྱིས་བླངས་པའི་མགུར། ཁྱུང་པོ་སྤུང་སད་དང་མང་པོ་རྗེ་མྱང་ཞང་སྣང་གིས་བླངས་པའི་མགུར་སོགས་དང་། ད་དུང་སྲོང་བཙན་གྱི་དུས་སུ་བཙན་པོ་དང་དབའས་དབྱི་ཚབ་ཀྱིས་བླངས་པའི་མགུར། བཙན་མོ་སད་མ་ཀར་གྱི་མགུར། གཞན་མགར་གློ་བ་རིངས་པའི་ཚེ་བཙན་པོ་འདུས་སྲོང་གིས་བླངས་པའི་མགུར་དང་། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གིས་བླངས་པའི་མགུར་སོགས་མགུར་ཚིག་ཧ་ཅང་མང་པོ་ཞིག་ཡོད་ཅིང་། མགུར་ཚིག་དེ་དག་གིས་བོད་ཀྱི་རིག་གནས་ལོ་རྒྱུས་དང་རྩོམ་རིག་ལོ་རྒྱུས་སོགས་ཀྱི་ཐོག་ཏུ་གོ་གནས་གལ་ཆེན་ཟིན་ཡོད་ཕྱིན་དེང་སང་གི་བརྩམས་ཆོས་དག་ན་མགུར་གླུ་འདི་རིགས་དཔེ་དང་རྒྱུ་མཚན་དུ་དྲངས་པ་མང་མོད། ཡིན་ནའང་མགུར་ཚིག་ཁག་གཅིག་ལ་གནའ་དུས་ཀྱི་ཡིག་མཁན་གྱིས་གསབ་ནན་མ་གནང་བའི་རྐྱེན་གྱིས་བཤུས་སྐྱོན་བྱུང་བ་ལ། ཕྱིས་ཀྱི་ལོ་རྒྱུས་དང་རྩོམ་རིག་དཔྱད་བརྗོད་མཁན་པོ་དག་གིས་མ་ཡིག་ལ་དོགས་སློང་ཕྲན་བུ་ཙམ་ཡང་མ་མཛད་པར་བརྡ་དོན་དེ་ལུགས་ཀྱིས་འགྲེལ་བས། མགུར་གླུ་དངོས་ཀྱི་བསྟན་བྱ་དང་མཐུན་མིན་སྣ་ཚོགས་ཐོན་ཡོད་པ་དང་། བོད་བཙན་པོའི་དུས་ཀྱི་བརྡ་རྙིང་སྐོར་གྱི་ཚིག་འགྲེལ་འགའ་ཞིག་ལ་ཕྱི་མ་ཕྱི་མས་སྔ་མ་སྔ་མར་གཞི་བྱས་ཏེ་འོལ་ཚོད་དུ་བྲིས་པ་དང་། དེ་བཞིན་ཤོག་དྲིལ་ཡིག་རྙིང་P.T.1287-3 ཁྲོད་ཀྱི་མྱང་ཙེང་སྐུས་བླངས་པའི་མགུར་ཏེ།“ཆབ་ཆབ་ནྀ་ཕ་རོལ་ན།།  ཡར་ཆབ་ནྀ་ཕ་རོལ་ན། མྱྀ་འི་ནི་མྱྀ་བུ་སྟེ།། ལྷ་འྀ་ནི་སྲས་པོ་བཞུགས།། རྗེ་བདེན་ནི་བཀོལ། དུ་དགའ། སྒ་བདེན་གྱིས་ནྀ་བསྟད་དུ་དགའ།།” ཞེས་པ་དང་། ཡང་ཤོག་དྲིལ་ཡིག་རྙིང་P.T.1287-4 ཁྲོད་ཀྱི་མགུར་ཚིག་སྟེ། “གཟུས་ནྀ་ལྷ་བོན་ཏོ། སློན་མཚན་སློན་ཀོལ། གཟུས་ནྀ་ལྷ་བོན་ཏོ། ཕྲིན་བྱ་རྒོད་ཀྱིས་བཏགསྟེ། ཚེས་པོང་ནག་སེང་གིས་བཏགས་སོ།  རྗེ་བདེན་གྱྀས་ནྀ་བཀོལ་ཏོ། སྒ་བདེན་གྱྀས་ནི་བསྟད་དོ།།” ཞེས་བྱུང་བ་གཉིས་ལའང་འགྲེལ་ཚུལ་མི་འདྲ་བ་མང་པོ་ཡོད་པ་འདི་དོན་དངོས་སུ་མགུར་ཚིག་སྔ་ཕྱི་དེ་གཉིས་ཀྱི་བརྗོད་བྱ་རྗོད་བྱེད་སོགས་ཕྱོགས་གང་ཅིའི་ཐད་མཚུངས་ཆོས་ཀྱི་ཆ་མང་ཞིང་། ཕན་ཚུན་འབྲེལ་བ་ངེས་ཅན་ཡོད་པ་ལ་དེ་སྔ་སུས་ཀྱང་མནོ་བསམ་མ་བཏང་པར་ལུས་པར་སྙམ།

    དང་པོ།  མགུར་ཚིག་འདིའི་འགྲེལ་ཚུལ་ནང་མི་མཐུན་པའི་སྐོར།

    གོང་དུ་དྲངས་པའི་མགུར་ཚིག་སྔ་མའི་འགྲེལ་ཚུལ་སྐོར་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “ཆབ་ཆབ་ནི་ཕ་རོལ་ན།། ཡར་ཆབ་ནྀ་ཕ་རོལ་ན། མྱྀའི་བུ་ནྀ་མྱྀ་བུ་སྟེ། ལྷ་འྀ་ནི་སྲས་པོ་བཞུགས། རྗེ་བདེན་ནི་བཀོལ་དུ་དགའ། སྒ་བདེན་གྱིས་ནི་བསྟད་དུ་དགའ།།”  ཞེས་དང་། མཁས་དབང་དོན་གྲུབ་རྒྱལ་གྱིས།“ཆུ་བོ་ཆུ་བོའི་ཕར་འགྲམ་ན།། ཡར་ཆབ་གཙང་པོའི་ཕར་འགྲམ་ན།། མི་ནི་མི་ཡི་བུ་ཡིན་ཡང་།། དོན་ལ་ལྷ་ཡི་སྲས་པོ་བཞུགས།། བདེན་པའི་རྒྱལ་པོས་གཡོག་ཏུ་བཀོལ་ན་དགའ།། བདེན་པའི་སྒ་ནི་རྒྱབ་ཏུ་བསྟད་ན་དགའ།།”   ཞེས་དང་། ཡང་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ལས། “ཆུ་བོ་ཆུ་བོའི་ཕ་རོལ་ན།། ཡར་ཆབ་གཙང་པོའི་ཕ་རོལ་ན།། མི་ནི་མི་ཡི་བུ་ཡིན་ཡང་།། དོན་ལ་ལྷ་ཡི་སྲས་པོ་བཞུགས།། བདེན་པའི་རྗེ་ཡིས་བཀོལ་ན་དགའ།། བདེན་པའི་སྒ་ནི་གཏད་ན་བདེ།།”་  ཞེས་སྔ་མ་གཉིས་ཀྱི་འགྲེལ་ཚུལ་དེ་ཉིད་དེ་ཀ་རང་དུ་བཞག་པ་དང་། འབྲི་གུང་སྐྱབས་མགོན་གྱིས། “གཙང་ཆབ་ཆུ་བོའི་ཕ་རོལ་ན།། ཡར་ཀླུང་གཙང་པོའི་ཕར་ཁ་ན།། མི་ཡི་བུ་ནི་ཡིན་ནའང་།།དོན་དུ་ལྷ་ཡི་སྲས་པོ་བཞུགས།། རྗེ་དེས་བདེན་པ་དབང་བསྒྱུར་དགའ།། སྒ་དེ་དངོས་འབྲེལ་གཏད་ན་དགའ།།”ཞེས་འགྲེལ་བ་དང་།  སྐུ་ཞབས་དབང་རྒྱལ་(王尧)ལགས་ཀྱིས།“汤汤大河对岸,雅鲁藏布对岸,有一人,人之子,实乃天神之嗣,唯真天子方能遣调,唯好鞍鞯方能驮。”  ཞེས་དང་། སྐུ་ཞབས་ཧོང་པུ་ཧྥན་(黄布凡)གྱིས།“在河的对岸,在雅砻河的对岸,住着真人之子,住着神的儿子。人喜真主役使,马喜披备真鞍。” ཞེས་བྲིས་པ་དང་། དེ་བཞིན་《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་》ལས།“ཡར་ཆབ་ནྀ་ཕ་རོལ་ན།--ཆུ་བོ་ཆུ་བོའི་ཕར་འགྲམ་ན།། ཞེས་པའོ། མྱྀ་འི་ནི་མྱྀ་བུ་སྟེ།།--མི་ནི་མི་ཡི་སྲས་ཡིན་ཡང་།། ཞེས་པའོ། ལྷ་འི་ནི་སྲས་པོ་བཞུགས།།--དོན་ལ་ལྷ་ཡི་ནི་སྲས་པོ་བཞུགས།། ཞེས་པའོ།  རྗེ་བདེན་ནི་བཀོལ།དུ་དགའ།--བདེན་པའི་རྗེ་ཡིས་བེད་སྤྱོད་བཏང་ན་དགའ།། ཞེས་པའོ། སྒ་བདེན་གྱིས་ནྀ་བསྟད་དུ་དགའ།། --བཟང་པོའི་སྒ་ནི་རྒྱབ་ལ་བསྟད་ན་དགའ།། ཞེས་པའོ”  ཞེས་པ་སོགས་འགྲེལ་ཚུལ་ནང་མི་མཐུན་པ་ཅི་རིགས་བྱུང་བ་དང་། ཡང་། 《བོད་བཙན་པོའི་དུས་ཀྱི་རྩོམ་རིག་》ལས།“ཚིག་རྐང་དྲུག་ལས་ཤོ་ལོ་ཀ་གཅིག་གྲུབ་པ་སྟེ། ཚིག་རྐང་སྔ་མ་བཞི་ལས་སོ་སོར་ཚེག་ཁྱིམ་དྲུག་རེ་དང་། ཕྱི་མ་གཉིས་ལ་ཚེག་ཁྱིམ་བདུན་རེ་ཡོད་པ་ལྟ་བུ་ཡིན། ཚེག་ཁྱིམ་དོ་མི་མཉམ་པའི་གླུ་གཞས་དག་སྡེབ་སྦྱོར་དེ་འདྲ་ལེགས་པོ་ཞིག་མིན་ཡང་གཅོད་མཚམས་གསལ་ལ་འགྲོས་རིམ་ལྡན་པས་དབྱངས་སུ་གྱེར་བདེ་ལ་དགའ་སྐྱོ་ཆགས་སྡང་སོགས་ཡིད་འགྱུར་སྣ་ཚོགས་ངག་གི་ལམ་ནས་ཇི་བཞིན་མཚོན་པར་ཤིན་དུ་ཕན་པ་རེད” ཅེས་ཏེ་བརྗོད་བྱ་དང་ཡི་གེའི་འབྲུ་རེ་རེ་ནས་མ་འགྲེལ་བར་བཅད་ལྷུག་སོགས་ལུས་ཀྱི་ཁྱད་ཆོས་ཙམ་གྱི་སྒོ་ནས་འགྲེལ་བ་དང་། འགའ་ཞིག་གིས་མགུར་ཚིག་ཧྲིལ་པོའི་དོན་ལ་མ་དཔྱད་པར་དེའི་ནང་གི་བརྡ་རེ་གཉིས་ཙམ་འགྲེལ་བ་དང་། ཡང་འགའ་ཞིག་གིས་འབྲུ་འགྲེལ་གྱི་ལུགས་ལྟ་བུར་བྲིས་ཀྱང་དཔྱད་པ་གནད་ལ་མ་འཁེལ་བ་དང་། བརྡ་འགྲེལ་ལ་ཞིབ་ཆ་མ་སོང་བ། གཏན་ཚིགས་ནང་འགལ་ཅན་བྱུང་བ་སོགས་ཡི་གེ་འབྲུ་གཅིག་ལ་འགྲེལ་ཚུལ་ཡ་མ་བརླ་ཅི་རིགས་ཡོད་པས་སྔོན་ཀྱི་ཡིག་རྙིང་གི་བརྡ་འགྲེལ་འགའ་ཞིག་རྟ་མོག་མོག་གི་སྤུ་ལྟ་བུར་སོང་བ་མང་།

    གཉིས་པ།  མགུར་ཚིག་འདིའི་རྩོམ་ལུས་དང་སྒྲིག་གཞིའི་ཁྱད་ཆོས་སྐོར།

    ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས།“སྨྲ་བ་པོས་བརྗོད་པར་འདོད་པའི་དོན་གཏམ་རྒྱུད་སོགས་གང་ཡིན་པའི་བརྗོད་བྱའི་དོན་དེ་ངེས་པར་བྱས་ནས། ཚིགས་ལེགས་པར་སྡེབ་པ་ཉིད་ནི་འདོད་པའི་དོན་གྱིས་རྣམ་པར་བཅད་པའི་ལུས” ཞེས་དང་། འཇུ་མི་ཕམ་པས།“རང་གིས་གང་བརྗོད་བྱར་འདོད་པ་ཡི་དོན་གྱི་རྣམ་པར་བཅད་པའམ་ཁྱད་པར་དུ་བྱས་པའི་ཚིག་གི་ཕྲེང་བའམ་ངག་གི་རྒྱུན་དེ་ཉིད་ལ་འདོད་དོ། དེ་ཡང་ཚིགས་སུ་བཅད་པ་དང་། ཚིག་ལྷུག་པ་དང་། བཅད་ལྷུག་སྤེལ་མ་རྣམ་པ་གསུམ་ཉིད་དུ་གནས་སོ།”  ཞེས་པ་ལྟ་བུ་སོགས་ལུས་ལ་བཅད་ལྷུག་སྤེལ་མ་གསུམ་ཡོད་པ་ལས་སྔོན་གྱི་མགུར་གླུ་ཕལ་ཆེར་ནི་དབྱངས་གྱེར་བདེ་བའི་ཆེད་དུ་ལྷུག་པ་ལས་བཅད་མ་མང་བ་དང་། དབྱངས་ཀྱི་འདེགས་འཇོག་སྙོམ་བདེ་བའི་ཆེད་ཡི་གེའི་སྡེབ་འདྲ་བར་འབྱུང་བ། ད་དུང་མགུར་ཚིག་སྔ་ཕྱི་རྣམས་ཡི་གེ་དོ་མཉམ་པ་སོགས་མགུར་གླུ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད་ཅིང་། ཁྱད་ཆོས་དེ་དག་གིས་མགུར་ཚིག་གི་བརྗོད་དོན་བསེད་བཀྲོལ་ལ་རམ་འདེགས་བྱེད་ཐུབ་པས། མགུར་གླུའི་ཁྲོད་ཀྱི་བརྡའི་རྣམ་གཞག་དེ་རིགས་བོད་ཀྱི་ཡིག་རྙིང་དཔྱད་བརྗོད་མཁན་གྱིས་ངེས་པར་གཙིགས་སུ་འཛིན་དགོས་པ་ཡིན་ཏེ། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས།“དེ་ཡང་ཚིགས་བཅད་ལྷུག་པ་དང་།། སྤེལ་མ་རྣམ་གསུམ་ཉིད་དུ་གནས།། བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་སྙན་ངག་གི་ལུས་དེ་ཡང་ཚིགས་བཅད་འབའ་ཞིག་པ་དང་། ལྷུག་པ་རྐྱང་པ་དང་། དེ་གཉིས་སྤེལ་ཞིང་བསྲེས་པ་སྟེ་རྣམ་པ་གསུམ་ཉིད་དུ་གནས་སོ།”  ཞེས་གསུངས་པ་བཞིན་ལུས་ལ་བཅད་ལྷུག་སྤེལ་མ་གསུམ་དུ་ཡོད་པ་ལས། ཏུན་ཧོང་ཡིག་རྙིང་P.T.1287-3 ལས་བྱུང་བའི་མགུར་ཚིག་འདི་ལ་ཞིབ་ཏུ་མ་དཔྱད་ཚེ་གོང་ནས་ཞུས་པ་བཞིན་དེ་ནི་རྐང་པ་དྲུག་གིས་ཆོད་ཅིང་། དབྱངས་ཀྱི་འདེགས་འཇོག་ཀྱང་འགྲིག་འགྲིག་འདྲ་བ་ཞིག་ཏུ་མཐོང་མོད། འོན་ཀྱང་རྐང་བ་ཕྱི་མ་གཉིས་ཏེ། “རྗེ་བདེན་ནི་བཀོལ། དུ་དགའ། སྒ་བདེན་གྱིས་ནྀ་བསྟད་དུ་དགའ།།”ཞེས་ཏེ་རྐང་པ་སྔ་ཕྱི་གཉིས་བསྡུར་ན་སྔ་མ་ལ་ཡི་གེ་དྲུག་དང་ཕྱི་མ་ལ་ཡི་གེ་བདུན་ཡོད་པས་རྐང་བ་དོ་མི་མཉམ་པར་གྱུར་བ་དང་། དེ་བཞིན་“ཆབ་ཆབ་ནྀ་ཕ་རོལ་ན།། ཡར་ཆབ་ནྀ་ཕ་རོལ་ན།”ཞེས་པའི་རྐང་བ་སྔ་མའི་མགོར་“ཆབ་ཆབ་”ཅེས་ཡི་གེ་བསྐྱར་མ་གཉིས་བྲིས་པ་ལ། ཕྱི་མའི་དང་པོར་“ཡར་ཆབ་”ཅེས་ཏེ་ཡི་གེ་མ་བསྐྱར་བ་སོགས་ལ་ཞིབ་ཏུ་དཔྱད་ན་ཡི་གེ་དང་རྐང་བ་སོགས་དོ་མི་མཉམ་པ་ཅུང་མང་དུ་ཡོད་པ་དང་། ལྷག་པར་“ཆབ་ཆབ་ནྀ་ཕ་རོལ་ན།། ཡར་ཆབ་ནྀ་ཕ་རོལ་ན།”ཞེས་“ཡར་ཆབ་”ཅེས་པའི་སྔོན་དུ་“ཆབ་ཆབ་ནྀ་ཕ་རོལ་ན”ཞེས་བྲིས་པ་ལ་རྒྱུ་མཚན་ཅི་ཡང་མ་མཐོང་སྟེ། ཤོག་དྲིལ་ཡིག་རྙིང་དུ། “ཡུལ་ཀླུམ་རོ་འི་ཡ་སུམ་ན་རྗེ་ནམ་པ་འི་བུ་གསེང་ཏི། བློན་པོ་་མྱང་དང་སྦྲང་གཉིས”  ཞེས་པའི་ཀླུམ་ཡ་སུམ་ནི་དེང་སང་ངག་རྒྱུན་དུ་འབྲི་གོང་དང་མལ་གྲོ་གོང་དཀར་རྒྱུད་དུ་ཡོད་པར་ངོས་འཛིན་པ་ངག་རྒྱུན་ཙམ་ལས། དོན་དངོས་སུ་ཡུལ་འདི་དག་གནས་གང་ཞིག་ཏུ་ཡོད་མིན་སོགས་ལ་དེང་སང་ཐག་གཅོད་བྱེད་དཀའ་བས་ཡར་ཆབ་ཀྱི་ཚུ་རོལ་ན་ད་དུང་ཆབ་ཆབ་བྱ་བའི་ཆུ་བོ་ཞིག་ཡོད་མིན་དེ་བས་ངོས་འཛིན་བྱེད་དཀའ་བ་ཡིན། གལ་སྲིད་འདི་འདྲ་ཞིག་ཡོད་དུ་ཟད་ཀྱང་མགུར་ཚིག་འདི་ལ་གོ་དོན་དེ་ལུགས་ཀྱིས་འགྲེལ་ན་གོང་འོག་གི་བརྗོད་བྱ་རྣམས་གཞི་གཅིག་ཏུ་མི་འདུ་བའི་སྐྱོན་འབྱུང་བ་དང་། ལྷག་པར་མགུར་གླུ་འདི་ཉིད་དང་བརྗོད་བྱ་མཚུངས་ཆོས་སུ་སོང་བའི་ཤོག་དྲིལ་ཡིག་རྙིང་P.T.1287-4ཁྲོད་ཀྱི་མགུར་ཚིག་གི་ལུས་རྒྱན་སྲོག་གསུམ་སོགས་ལ་གཞིགས་ན་མགུར་ཚིག་འདི་ཉིད་ཀྱི་ཡི་གེ་འགའ་ཞིག་ཡིག་མཁན་གྱིས་མ་ཡིག་ལ་གཟབ་ནན་མ་བྱས་པར་བཤུས་སྐྱོན་ཤོར་བ་མངོན་གསལ་ཆེ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།