[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་བྱུང་རིམ།
  • རྒྱལ་དབང་སྐུ་ཕྲེང་བསྒྲིགས་རིམ་ཐད་ཀྱི་ཆིང་གོང་མའི་ལྟ་བའི་འགྱུར་བར་དཔྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ རིན་ཆེན་སྒྲོལ་མ།    |    སྤེལ་དུས།   2016-10-28

    གླེང་གཞི།  རྒྱལ་དབང་སྐུ་ཕྲེང་བདུན་པས་ལ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་གསུམ་པར་གནང་བའི་བཀའ་ཤོག་དང་དེ་ལས་འཕྲོས་པའི་ལོ་རྒྱུས་སྟེང་གི་དོན་འགར་དཔྱད་པ་ལམ་ཙམ་བཏང་བར།བཀའ་ཤོག་དེ་ནི་མཚོ་སྔོན་ཞིང་ཆེན་དངོས་མང་འགྲེམ་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་ལ།ད་ལྟའི་བར་ཕྱིར་མ་འཁྱར་བའི་རིག་དངོས་གྲས་ཡིན། སྤྱི་ལོ་༢༠༡༡ལོར་ང་རང་ལ་དེ་གར་ཉར་ཡོད་པའི་བཀའ་ཤོག་རྣམས་ལ་སྔོག་འདོན་དང་ཞིབ་འཇུག་བྱེད་བའི་གོ་སྐབས་བྱུང་ཞིང་། ད་དུང་འགྲེམ་སྟོན་ཁང་དང་མཉམ་འབྲེལ་ངང་བསྒྲིགས་པའི་《ཙོང་ཁའི་གཅེས་ནོར—བོད་བརྒྱུད་ནང་བསྟན་གྱི་རིག་དངོས་སྐོར》ཞེས་པའི་དཔེ་དེབ་ཏུ་ལ་མོ་ཞབས་དྲུང་དཀར་པོའི་སྐོར་གཙོ་བྱས་པའི་བཀའ་ཤོག་༢༠ལྷག་ཙམ་གྱི་པར་དང་དེ་རྣམས་ལ་དབྱེ་ཞིབ་དང་བཅས་པའི་གསལ་བཤད་ཀྱང་བཀོད་ཡོད།

    བཀའ་ཤོག་འདི་ནི་སྤྱི་ལོ༡༧༢༠ལོར་རྒྱལ་དབང་སྐུ་ཕྲེང་བདུན་པས་ལ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་གསུམ་པར་གནང་བ་ཞིག་ཡིན།དབྱེ་ཞིབ་བརྒྱུད་བཀའ་ཤོག་འདི་ནི།མཚོ་སྔོན་སོག་པོའི་དཔོན་ཁག་གིས་གཙོ་བྱས་ཏེ།རྒྱལ་དབང་སྐུ་ཕྲེང་བདུན་པ་མཚོ་སྔོན་དུ་གདན་དྲངས་ནས་མཚོ་སྔོན་གཡས་རུ་དང་གཡོན་རུའི་སོག་ཁུལ་དང་།སྐུ་འབུམ་བཅས་སུ་བཞུགས་སྐབས།མཚོ་སྔོན་སོག་པོ་ཡོངས་ཀྱི་དབུ་བླར་གྱུར་ཡོད་པའི་ལ་མོ་ཞབས་དྲུང་དཀར་པོའམ་ཆ་གན་ནོ་མོན་ཧན་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ཉིད་ཁོང་གི་རབ་བྱུང་གི་མཁན་པོ་དང་ཡོངས་འཛིན་དུ་བཞུགས་པར།དེའི་སྐུ་དྲིན་གཟོ་ཕྱིར་གནང་བ་ཞིག་ཡིན།བཀའ་ཤོག་གི་དབུའི་སྦུག་དམ་དེ་གསལ་བོར་མཐོང་དཀའ་ཡང་། སྐབས་དེའི་རྒྱལ་དབང་སྐུ་ཕྲེང་སྔ་ཕྱིའི་བཀའ་ཤོག་གི་ཁྱད་ཆོས་ལ་གཞིགས་ན། ཕལ་ཆེར་སྐུ་ཕྲེང་ལྔ་བ་སྐུ་སྒེར་གྱི་ཧོར་ཡིག་གསར་མའི་སྦུག་དམ་ སྟེ་འབྲུ་དོན“བཛྲ་ངྷ་ར”་ཅན་དེ་ཡིན་པར་འདོད་ལ། སྦུག་དམ་འདི་ནི་སྤྱིར་བཏང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བཀའ་ཤོག་གི་དབུའི་ཞལ་བྱང་སྟེང་བཀོད་ཡོད། བཀའ་ཤོག་གི་མཇུག་ཏུ་“བསྟན་པ་རྒྱས་ཤིང་འགྲོ་བ་འདྲེན་པའི་ཏཱ་ལའི་བླ་མ་དྲུག་པའི་ཐམ་ཀ་”ཞེས་པ་བསྐྱོན་ཡོད།

    གཤམ་ལ་“ཏཱ་ལའི་བླ་མ་དྲུག་པའི་ཐམ་ཀ་”ཞེས་པའི་སྦུག་དམ་གཙོས་བཀའ་ཤོག་ཁྲོད་ཀྱི་དོན་དག་འགར་གསལ་བཤད་དང་དབྱེ་ཞིབ་བརྒྱུད་ལ་མོ་ཞབས་དྲུང་དཀར་པོ་དང་དེར་འབྲེལ་ཡོད་ཀྱི་དོགས་གནས་སྐོར་དང་།  ཆིང་རྒྱལ་རབས་གོང་མས་རྒྱལ་དབང་སྐུ་ཕྲེང་བསྒྲིགས་རིམ་ཐད་སྔ་ཕྱིར་འགྱུར་བ་བཏང་ཚུལ། དེའི་ཐད་ལ་རྒྱ་ཡིག་དང་བོད་ཡིག་དེབ་ཐེར་དང་ཡིག་ཆའི་ལྟ་ཚུལ་ཕན་ཚུན་མི་འདྲ་བ། ཡང་ཆིང་རྒྱལ་བོའི་ལྟ་བར་འགྱུར་ལྡོག་བྱུང་བའི་བརྒྱུད་རིམ་ཁྲོད་བོད་ཀྱི་བླ་ཆེན་དང་མཁས་པས་རམ་འདེགས་མཛད་པའི་སྐོར་སོགས་གླེང་ཡོད།

    དང་པོ།  བཀའ་ཤོག་གི་ནང་དོན་དང་འབྲེལ་ཡོད་ལ་མོ་ཞབས་དྲུང་དཀར་པོའི་སྐོར།

    གཅིག བཀའ་ཤོག་གི་ནང་དོན།

    རྒྱལ་བོ་ཧོང་དེའི་ལུང་གིས། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་བྱེད་ཅིང་སྲིད་ཞིའི་གཙུག་བརྒྱན་དུ་དབང་བསྐུར་བ་ཏ་ལའི་བླ་མར་འབོད་པའི་གཏམ།འཛམ་བུའི་འབྲས་བུ་ཆེས་ཟབ་རྒྱ་མཚོར་ལྷུངས་པའི་སྒྲ་སྙན་འཆི་མེད་ཀྱི་དུནྔྷུ་བྷིཿ(དུནྡུབྷིཿཞེས་འབྲི་དགོས་པར་འདོད་པ་སྟེ་གླུ་དབྱངས་ལ་སོགས་པའི་སྒྲ་གདངས་སྙན་མོར་གོ།)ལས་ཉེ་བར་དྲངས་པའི་གླིང་འདིར་བདེ་བར་འཁོས་སུ་ཕབ་པའི་སྐྱེ་དགུ་སྤྱི་དང་།     བྱེ་བྲག་གནམ་སྔོན་ཞུན་མ་གཅིག་ཏུ་འཁྱིལ་བ་ལྟ་བུ་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་གནས་ཀྱི་བླ་མ་སེར་མོ་བ། རྒྱལ་པོ། རྒྱལ་རིགས། དབང་། དཔལ་ལི། བས་སེ། གུན། ཐའི་ཇི། ཐེ་བུ་ནང་། ཇའི་སང་། མི་བཟང་། རྡ་རོ་ཁ། རྡེ་མི་ཆི། དམག་དང་གསེར་ཡིག་པའི་འགྲིམ་འགྲུལ་སོགས་ཞི་དྲག་གི་སྣེ་མོར་མངགས་སླེབས་སོགས་བསོད་ནམས་ཀྱི་ཕུང་བོ་ལྕི་ཡང་གིས་ལེགས་པར་ཕྱེ་བའི་མཆོག་དམན་བར་པའི་འགྲོ་བ་སྤྱི་བོ་གནམ་བསྟན་ཀུན་ལ་སྤྲིངས་པ། རིགས་ཀུན་ཁྱབ་བདག་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་བཀའ་གདམས་བསྟན་པའི་སྒྲོན་མེ་སྤྱན་སྔ་ཚུལ་ཁྲིམས་འབར་ནས་བཟུང་ཡང་སྲིད་མུཀྟི་ཕྲེང་བ་ལྟར་རིམ་པར་བྱོན་ཏེ་ཐུབ་བསྟན་དབང་གི་རྒྱལ་པོར་བྱི་དོར་ཡང་དག་པར་མཛད་ཅིང་།   དམ་པ་འདི་ཉིད་ཀྱི་ཡང་སྲིད་རྒྱལ་བོས་ཚད་མེད་པའི་བརྩེ་བ་ཆེན་པོས་ཁལ་ཁ། ཨོ་རོད་སོགས་ཀྱི་གཡུལ་འཁྲུག་རྔམས་ཆེན་བསྡུམས་པར་མཛད་ཅིང་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སོགས་སྐྱེ་རྒུ་ཀུན་གྱིས་གཙུག་གི་ཅོད་པཎ་དུ་བསྟེན་པའི་བྱང་ཕྱོགས་མུན་པའི་གླིང་དུ་དམ་པའི་ཆོས་ཀྱི་སྣང་བ་ཆེས་ཆེར་རྒྱས་ཤིང་། འཁོར་ལོ་གསུམ་གྱི་བྱ་བའི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་བླ་ནས་བླར་འདེགས་པ་མཛད་པར་མ་ཟད། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འདི་ཉིད་ཀྱང་ངེད་ནས་ཡོངས་འཛིན་གྱི་གཙོ་བོར་རྟེན་པའི་སྡོམ་པ་བླངས་པ་མདོ་སྔགས་ཀྱི་དབང་ལུང་སོགས་དམ་པའི་ཆོས་ཀྱི་བཀའ་དྲིན་ལན་མང་དུ་ནོས་པའི་བཀུར་བཟོས་ཀྱི་སྲིད་ཞུ་དགོས་གྲས་ལ། གནམ་བསྐོས་འཇམ་དབྱངས་རྒྱལ་བོ་ཆེན་པོ་དང་། རྒྱལ་བ་ཡབ་སྲས་བྱང་རྒྱུད་བསྟན་པའི་སྦྱིན་བདག་རྣམས་ཀྱི་བཀའ་ཤོག་གི་འབྲུ་དོན་ལ་ཞབས་འདེགས་རྒྱབ་སྣོན་བྱས་པར་འདི་པས་ཞལ་འཛིན་མཛད་པའི་དགོན་སྡེ། གྲ་སློབ། མི་སེར། ཚེར་ས། རྩྭ་ཁ། ཆུ་རིས། ཞིང་ས་སོགས་སྤྱོད་ཡུལ་དུ་གྱུར་པ་གང་སྤྱིར་བཀག་འགེགས་མེད་པ་དང་། འོས་མིན་ཤེ་མོང་གི་ཨུ་ལྰ། ཤུས་སུ། བློང་མོར་བསྙད་པའི་ཁྲལ་རིགས་གསར་འགེལ་སོགས་གནོད་འགལ་ལོག་པར་འགྲོ་བ་མ་བྱེད་པར་འདི་པ་གྲྭ་སློབ་རྣམས་ལ་འདི་ཕྱིའི་བདེ་འབྲས་ལ་བསམ་པའི་བཀུར་སྟི་སྲིད་ཞུས་ཞབས་ནས་འདེགས་པ་སོགས་མཐུན་རྐྱེན་ཕན་ཆར་གང་འགྲོ་བྱེད་པ་ལས་གནོད་འགལ་ལོག་པར་འགྲོ་བ་མ་བྱེད་པར་དགེ་བ་བཅུའི་ཁྲིམས་དང་མཐུན་པའི་སྤང་བླངས་འཛོལ་མེད་ཡོང་བ་གྱིས། ཚུལ་བཞིན་སྒྲུབ་པ་རྣམས་ལ་དགེ་ལེགས་ཀྱི་དངོས་པོ་ཟད་མི་ཤེས་པར་འབྱུང་བའི་སྐྱབས་འཇུག་ཡང་དག་བགྱིད་པ་ཡིན། ཞེས་གོ་བར་བྱ་བའི་ཡི་གེ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྒར་ཐོག་ནས་བྲིས།

    གཉིས།  ལ་མོ་ཞབས་དྲུང་དཀར་པོའི་སྐོར།

    བཀའ་ཤོག་ཏུ། “ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་འདི་ཉིད་སྤྱན་སྔ་ཚུལ་ཁྲིམས་འབར་ནས་བཟུང་ཡང་སྲིད་མུཀྟི་ཕྲེང་བ་ལྟར་རིམ་པར་བྱོན་” ཞེས་འབྱུང་བ་ནི་ལ་མོ་ཞབས་དྲུང་དཀར་པོའི་འཁྲུངས་རབས་དང་བསྟུན་ནས་གསུངས་པ་ཡིན་ཞིང་། སྤྱིར་བཏང་སྐྱེ་སྲིད་དེ་ལ་མོ་ཚོགས་གཉིས་རྒྱ་མཚོ་ནས་བརྩི་བ་རེད། 《མདོ་སྨད་ཆོས་འབྱུང་》ལྟར་ན། ཁོང་ཉིད་ནི་ཡུལ་དབུས་ལ་མོ་ནས་འཁྲུངས་ཤིང་ཚེར་གསེབ་ཏུ་རབ་ཏུ་བྱུང་།འབྲས་སྤུངས་སྒོ་མང་གྲྭ་ཚང་དང་དཔལ་ལྡན་སྨད་རྒྱུད་དུ་མདོ་སྔགས་རིག་གནས་རབ་འབྱམས་ལ་སྦྱངས་བརྩོན་གྱིས་མཁས་པ་ཆེན་པོར་གྱུར་ཏེ་སྨད་རྒྱུད་བླ་མ་དབུ་མཛད་གནང་སྐབས།  རྒྱལ་དབང་བསོད་ནམས་རྒྱ་མཚོས་སོག་པོའི་རྒྱལ་འབངས་ཡོངས་ཀྱི་རེ་བ་ལྟར། ལ་མོ་ཆོས་རྗེ་ཚོགས་གཉིས་རྒྱ་མཚོ་རྒྱལ་ཚབ་ཏུ་མངགས་གཏོང་བྱས་ཤིང་། རྔ་སྒར་བྱང་ཆུབ་གླིང་དུ་དགོན་བདག་མཛད་དེ་མཚོ་སྔོན་སོག་པོའི་རྒྱལ་འབངས་ཡོངས་ཀྱི་དབུ་བླར་བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པས། བོད་སོག་ཡོངས་ཀྱིས་བརྩི་བཀུར་བླ་ན་མེད་པ་བྱས།་ ཡང་བཀའ་ཤོག་ཏུ། “དམ་པ་འདི་ཉིད་ཀྱི་ཡང་སྲིད་རྒྱལ་བོས་ཚད་མེད་པའི་བརྩེ་བ་ཆེན་པོས་ཁལ་ཁ། ཨོ་རོད་སོགས་ཀྱི་གཡུལ་འཁྲུག་རྔམས་ཆེན་བསྡུམས་པར་མཛད་ཅིང་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སོགས་སྐྱེ་རྒུ་ཀུན་གྱིས་གཙུག་གི་ཅོད་པཎ་དུ་བསྟེན་པའི་བྱང་ཕྱོགས་མུན་པའི་གླིང་དུ་དམ་པའི་ཆོས་ཀྱི་སྣང་བ་ཆེས་ཆེར་རྒྱས་…”ཞེས་བཀོད་པ་དང་། དེ་བཞིན་དུ་རྒྱལ་དབང་ལྔ་བས་གནང་བར་བཞེད་པའི་ལ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་གསུམ་པའི་བཀའ་ཤོག་གཞན་ཞིག་ཏུའང་། ལ་མོ་སྐུ་སྐྱེ་གཉིས་པ་སྟེ་“ལ་མོ་སྐུ་སྐྱེ་བློ་གྲོས་རྒྱ་མཚོར་འབོད་པས་ཐུ་མེད་འུར་དུས་(鄂尔多斯)སོགས་བྱིང་﹙ཇིང﹚གིར་གནམ་གྱི་རྒྱལ་པོ་བློན་འབངས་མང་པོའི་ཏི་ཤྲིར་གྱུར་ཞིང་ཁྱད་པར་ཁར་ཁ་ཚོ་བ་བདུན་དང་། ཨོ་རོད་ཚོ་པ་བཞི་ལྷ་རྣམས་རྩུབ་འགྱུར་གྱི་ཚལ་དུ་སླེབས་པ་ལྟ་བུའི་གཡུལ་འཁྲུག་གི་སྡིག་རྒྱུན་ལོ་གྲངས་མང་པོའི་བར་དུ་ཆད་པ་མེད་པར། ལ་མོ་སྐུ་སྐྱེ་དང་ཅོ་ནེ་ཆོས་རྗེ་སྦྱིན་པ་དར་རྒྱས་གཉིས་ཀྱིས་ལྷག་བསམ་ཟླ་བ་ལྟར་དཀར་བས་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཆེད་དུ་དཀའ་བ་བརྒྱ་ཕྲག་དུ་མས་གཞུང་བསྒྲིགས་པས་ད་ལྟའི་བར་དུ་ཕན་ཚུན་གཉེན་གཤིན་པའི་རྒྱལ་བ་བཙོང་ཁ་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་གྱེན་དུ་འདེགས་པའི་སྦྱིན་བདག་ཉི་ཟླ་ཟུང་འབྲེལ་ལྟ་བུ་འདི་བཞིན་བྱུང་ཞིང་།”(去掉”) དེ་སྐབས་གཞུང་འགྲིག་པར་བརྟེན་ལ་མོ་སྐུ་སྐྱེ་ལ་ཆ་ཁར་ནོ་མོན་ཁང་ཞེས་ཆོས་ཀྱི་རྒྱལ་པོ་དང་། ཅོ་ནེ་ཆོས་རྗེ་ལ་ཨོ་ཆིར་ཏུ་ངྷ་རར་ མངའ་གསོལ་བའི་ཁར་ཁ་ཨོ་རོད་གཉིས་ནས་སྐྱག་བཀུར་ཕུལ་ཏུ་ཕྱིན་པ་བྱུང་ཞིང་། “(去掉“)…བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དང་བྰ་ཐུར་ཧོང་ཐའི་ཇི་གཉིས་ཀྱིས་ཆོག་ཐུ་དཔོན་པོ་འཁོར་བཅས་ཚར་བཅད་ནས་རྣམ་པར་རྒྱལ་བའི་རུ་མཚོན་སླང་བའི་དུས་ཆ་ཁར་ནོ་མོན་ཁང་ལ་སྡེའི་སྦྱོར་འཇགས་སོགས་ཕུ་དུད་ཆེར་མཛད་པ་ནས་བཟུང་ད་ལྟའི་བར་དགོན་སྡེ་གྲྭ་རིགས་མི་སེར་རྒྱ་ཆེ་བར་འདུག་པ་ལྟར་སླར་ནས་སྲིད་མཐའི་བར་དུ་འཇགས་པ་དང་། …གནོད་འགལ་ལོག་པར་འགྲོ་བ་མ་བྱེད་པར་ཆ་གར་ནོ་མོན་ཁང་གི་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་ལ་སྔར་ལུགས་ལྟར་གཡོ་མེད་དགོས་རྒྱུ་ཡིན།” ཞེས་ལ་མོ་སྐུ་ཕྲེང་གཉིས་པ་བློ་གྲོས་རྒྱ་མཚོས་ཁལ་ཁ་དང་ཨོ་རོད་སོགས་ཀྱི་གཡུལ་འཁྲུག་རྔམས་ཆེན་བསྡུམས་པར་མཛད་པ་དང་། འདིར་བཀའ་ཤོག་རྣམས་སུ་ལོ་ཚུགས་མི་གསལ་ཡང་། 《སོག་པོའི་ལོ་རྒྱུས་ཆེན་མོ》ལྟར་ན།སྤྱི་ལོ༡༦༣༦ལོར་གུ་ཧྲི་ཧན་དང་བྰ་ཐུར་ཧོང་ཐའི་ཇི་སོགས་ཨོ་རོད་པ་དང་འོན་པོ་ཨེར་ཏི་ནི་བར་ཡང་བསྐྱར་རྩོད་པ་བྱུང་།ཡིན་ནའང་ཛ་སག་ཐུའུ་ཧན་གཙོ་བྱས་པའི་ཁལ་ཁའི་སྤྱན་རྒྱ་རིང་བའི་ཧན་དང་ཐའེ་ཇི།དགེ་ལུགས་པའི་བླ་མ་སོགས་ཀྱིས་ཁལ་ཁ་དང་། ཨོ་རོད་ཚོ་བའི་བར་གྱི་གཡུལ་འཁྲུག་གི་སྡིག་རྒྱུན་ལོ་གྲངས་མང་པོའི་བར་དུ་ཆད་པ་མེད་པ་བསྡུམས་ཏེ་ཚོ་བ་ཆེན་པོ་གཉིས་མཐར་ཞི་བདེ་དང་ཕན་ཚུན་གཉེན་གཤིན་པར་མཛད། ཅེས་བཀོད་པའི་ལོ་ཚུགས་དེད་ན་གོང་གསལ་དགེ་ལུགས་པའི་བླ་མ་སོགས་ནི་ལ་མོ་སྐུ་སྐྱེ་དང་ཅོ་ནེ་ཆོས་རྗེ་སྦྱིན་པ་དར་རྒྱས་སོགས་བྱང་ཕྱོགས་སོག་ཡུལ་དུ་ནང་བསྟན་གྱི་ཆོས་སྤེལ་པའི་བོད་ཀྱི་བླ་སྤྲུལ་རྣམས་བསྟན་པར་འདོད།རྒྱུ་མཚན་ནི་སྐབས་དེར་ལ་མོ་སྐུ་སྐྱེ་བློ་གྲོས་རྒྱ་མཚོ་ཉིད་སོག་པོའི་བླ་མར་བསྟེན་ཡོད་པ་ཕུད། ཅོ་ནེ་ཆོས་རྗེ་སྦྱིན་པ་དར་རྒྱས་ཀྱང་དབུས་སུ་རྒྱུད་སྟོད་ཆོས་གྲྭ་འགྲིམ་བཞིན་པ་ནས། བྱམས་པ་སྤྲུལ་སྐུ་དང་སྟོང་སྐོར་སྤྲུལ་སྐུ་གཉིས་དང་ཆབས་ཅིག་རྒྱལ་བའི་སྐུ་ཚབ་ལ་སོག་པོར་ཕེབས་ཤིང་དེར་འཕྲིན་ལས་ཤིན་ཏུ་རྒྱས་ཞེས་《མདོ་སྨད་ཆོས་འབྱུང་》དུ་བཀོད་ཡོད་པས་ཀྱང་གོ་ཐུབ།

    ཡང་གོང་གསལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དང་བྰ་ཐུར་ཧོང་ཐའི་ཇི་གཉིས་ཀྱིས་ཆོག་ཐུ་དཔོན་པོ་འཁོར་བཅས་ཚར་བཅད་ནས་རྣམ་པར་རྒྱལ་བའི་རུ་མཚོན་སླང་བའི་དུས་ཆ་གན་ནོ་མོན་ཁང་ལ་སྡེའི་སྦྱོར་འཇགས་སོགས་ཕུ་དུད་ཆེར་མཛད་ཅེས་པར་དཔག་ན།མེ་གླང་ལོར﹙སྤྱི་ལོ༡༦༣༧﹚གུ་ཤྲི་ཁང་གྱིས་ཇུན་གར་ནས་དམག་རོགས་བྰ་ཐུར་ཧོང་ཐའེ་ཇིས་བྱས་ཨོ་རོད་དམག་དཔུང་དེ་སྐབས་དེར་མཚོ་སྔོན་པོའི་འགྲམ་དུ་ཡོད་པའི་ཁལ་ཁའི་ཆོག་ཐུར་གཡུལ་འགྱེད་པའི་སྔ་རྗེས་སུ་དབྱེན་འདུམས་དང་གཞུང་བསྒྲིགས་པ་བཅས་ནུས་པ་ཆེན་པོ་བཏོན་ཡོད་པར་འདོད། དེ་ནི་ཤིང་རྟ་ལོའི﹙སྤྱི་ལོ༡༦༥༤﹚་བསྟན་འཛིན་ཆོས་གྱི་རྒྱལ་པོའི་མཆོད་ཡོན་གྱི་ཡི་གེ ཞེས་པ་ལས་ཀྱང་ཟུར་ཙམ་རྟོགས་ཐུབ།ད་དུང་གོང་གི་བཀའ་ཤོག་ལྟར་ན་ལ་མོ་སྐུ་སྐྱེ་ལ་ཆ་གན་ནོ་མོན་ཁང་ཞེས་པའི་མཚན་ཡང་ལ་མོ་སྐུ་ཕྲེང་གཉིས་པ་བློ་གྲོས་རྒྱ་མཚོ་ནས་ཐོགས་པར་འདོད་ལ། ཁུངས་བཙུན་གྱི་ཡིག་ཆ་འདིས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་ལ་མོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོར་རྒྱལ་བོ་ཡུང་ལོ་རྒྱལ་བོ་ནས་རྔ་སྒར་སྐུ་སྐྱེ་དཀར་པོ་ཞེས་ལུང་ལས་ཀྱི་གཟེངས་བསྟོད་དང་གསེར་ཐམ་བཅས་གནང་། བསྟན་འགྲོ་ཡོངས་ལ་གཅིག་ཏུ་དཀར་བའི་ལྷག་བསམ་གྱིས་ཆ་གན་ནོ་མོན་ཁང་ཞབས་དྲུང་དཀར་པོ་ཞེས་མཚན་ཐོགས།  ཞེས་མ་དག་རྒྱུན་འབྱམས་སུ་སོང་བའི་ལྟ་ཚུལ་དེ་ཡོ་བསྲང་གནང་ཐུབ། ད་ལྟའི་བར་ལ་མོ་ཞབས་དྲུང་དཀར་པོའི་སྐུ་ཕྲེང་དགུ་བྱོན་ཡོད།

    དེ་ཡང་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ཉིད་ལ་མོའི་ཨུརྒེར་ཕེབས་ལོའི་ཐད་བཤད་ཚུལ་མི་མཐུན་པ་འགའ་ཡོད་ཀྱང་། བཀའ་ཤོག་ཏུ་“ཁམས་གསུམ་རྣམ་པར་རྒྱལ་པའི་སྒར་ཐོག་ནས་ལྕགས་ཕོ་བྱི་བའི་ལོར་བྲིས་” ཞེས་དང་།དེའི་སྟེང་“བསྟན་པ་རྒྱས་ཤིང་འགྲོ་བ་འདྲེན་པའི་ཏྰ་ལའི་བླ་མ་དྲུག་པའི་ཐམ་ཀ” ཞེས་པའི་སྦུག་དམ་བསྐྱོན་ཡོད།དེ་ཁུངས་བཙུན་གྱི་ལུང་དང་བསྡུར་ནས་དཔྱད་ན། སྦུག་དམ་འདི་ནི་སྤྱི་ལོ༡༧༢༠ལོའི་ཧོར་ཟླ་གསུམ་པའི་ཚེས༢༠ཉིན་འབྱོར་བ་ཡིན་པས།བཀའ་ཤོག་འདི་ནི་ཕར་ལྟོས་ཚོད་ཀྱིས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ལོ་དེའི་ས་ག་ཟླ་བའི་ཚེས་༢༢ཉིན་དབུས་ཕྱོགས་སུ་བསྐྱོད་པའི་ ཕེབས་ལམ་དུ་མང་རའི་ལ་མོའི་ཨུརྒེའམ་ཁམས་གསུམ་རྣམ་པར་རྒྱལ་པའི་སྒར་ཐོག་ཏུ་ཕེབས་ནས་གནང་བ་ཡིན་དགོས་མོད།འོན་ཀྱང་རྒྱལ་དབང་སྐུ་ཕྲེང་བདུན་པ་རང་གིས་མཛད་པའི་《ཁྲི་ཆེན་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་ཉི་མའི་རྣམ་ཐར》ནང་།ཤིང་ལུག་ལོར་ཆ་གན་ནོ་མོན་ཧན་གྱིས་མང་རའི་བཞུགས་སྒར་ཐོག་ཏུ་འབོད་པ་གནང་བ་ལྟར་ཕེབས་ ཞེས་བཀོད་པ་ལྟར་ན།སྔར་ཤིང་ལུག་སྟེ་སྤྱི་ལོ༡༧༡༥་ལོར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ལ་མོའི་ཨུརྒེར་ཕེབས་མྱོང་བ་རྟོགས་ཐུབ། ཡིན་ནའང་རྒྱལ་དབང་རང་གི་གསུང་རྩོམ་གཙོས་པའི་རྒྱ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁྲོད་ཁོང་ཉིད་མང་རའི་ལ་མོའི་ཨུརྒེར་ཐེངས་གཉིས་ཕེབས་མྱོང་བ་མཐོང་དཀོན་པས་ཅུང་ཟད་དོགས་གནས་སུ་འདུག་པར། ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་ལ་དཔྱད་ན་རྟོགས་ཐུབ་པ་སྟེ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དབུས་ཕྱོགས་སུ་ཕེབས་ལམ་ཏུ། ཡམ་ཐུ་ཞེས་པའི་ས་ཆར་བསྟན་པའི་མངའ་བདག་ཚ་གན་ནོ་མོན་ཧན་རིན་པོ་ཆེ་ཕེབས་ནས་རྟེན་གསུམ་དང་དངོས་འབྱོར་གྱི་འབུལ་བ་རྒྱ་ཆེན་པོ་བཏེག་པ་དང་།  ཕྱིར་ཆ་གན་ནོ་མོན་ཧན་ལ་ཡང་གསེར་ཐམ་དང་བཀའ་ཤོག་སོགས་ཀྱིས་གཟེངས་བསྟོད་རྒྱ་ཆེར་གནང་ཞིང་། ཉིན་གསུམ་གྱི་བར་དུ་ལྷན་དུ་ཕེབས། འཕྲལ་ཕུགས་ཀུན་ཏུ་དགེ་བའི་བསླབ་བྱ་གསུང་གླེང་ཞིབ་པར་མཛད། དེ་ནས་ཕྱིར་ཕེབས་སྐབས་ཡབ་སྲས་གཉིས་ཕན་ཚུན་དད་དུང་ཆེན་པོས་འབྲལ་མི་ཕོད་པའི་རྣམ་འགྱུར་མང་དུ་མཛད།  ཅེས་བཀོད་པ་ལས། བཀའ་ཤོག་འདི་ནི་རྒྱལ་དབང་སྐུ་ཕྲེང་བདུན་པ་དབུས་ཕྱོགས་སུ་ཕེབས་ལམ་ཏུ་སྩལ་བ་ཡིན་པ་ལས་ཕེབས་ལམ་ལ་མོའི་ཨུརྒེར་ཕེབས་ནས་གནང་བ་ཞིག་མ་ཡིན་པར་སེམས།ཡིན་ནའང་བཀའ་ཤོག་ཏུ་“ཁམས་གསུམ་རྣམ་པར་རྒྱལ་པའི་སྒར་ཐོག་ནས་ལྕགས་ཕོ་བྱི་བའི་ལོར་བྲིས་”ཞེས་པར་གཞིགས་ན།སྐབས་དེའི་ལ་མོའི་ཨུརྒེ་ནི་འབྲོག་པའི་རུ་བ་དང་བསྟུན་ནས་སྤོར་པའི་གུར་སྒར་ཡིན་པས། རྒྱལ་དབང་རིན་པོ་ཆེ་དབུས་ཕྱོགས་སུ་ཕེབས་ལམ་ཏུ་སྐྱེལ་མ་གནང་ཕྱིར། ཆ་གན་ནོ་མོན་ཁང་ནས་མཚོ་སྔོན་པོ་དང་ཐག་མི་རིང་བའི་ཕྱོགས་ཀུན་དགའ་ནོར་དང་ཉེ་སའི་ཡམ་ཐུ་(དེང་གི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཡུན་དར་ཤང་གི་ཡུལ་འདི་ཡིན་པར་འདོད། ད་ལྟ་གུང་ཧོ་རྫོང་ཐང་དཀར་མ་གྲོང་བརྡལ་གྱི་ཁོངས་སུ་གཏོགས།)ཞེས་པའི་ས་ཆར་ལ་མོའི་ཨུརྒེའི་གུར་སྒར་བཏབ་ནས་ཕེབས་སྐྱེལ་དང་ཕེབས་རྫོངས་གྱ་ནོམ་པ་བསྟར་བ་དང་། ཕྱིར་ཆ་གན་ནོ་མོན་ཁང་ལའང་གསེར་ཐམ་དང་བཀའ་ཤོག་གནང་ཡོད་པར་ངེས། དེ་ལྟར་ཕེབས་ལམ་ལ་མོའི་གུར་སྒར་དུ་བཀའ་ཤོག་ཕྱག་བྲིས་མཛད་པས་ན། བཀའ་ཤོག་ཏུའང་་“ཁམས་གསུམ་རྣམ་པར་རྒྱལ་པའི་སྒར་ཐོག་ནས་ལྕགས་ཕོ་བྱི་བའི་ལོར་བྲིས་”ཞེས་བཀོད་པར་སྙམ། འདིའི་སྐོར་ཕྲན་གྱི་ཆེད་རྩོམ་བཀའ་ཤོག་དང་འབྲེལ་ཏེ་ལ་མོ་ཞབས་དྲུང་དཀར་པོའི་སྐོར་གླེང་བ་ཞེས་པར་རྒྱལ་དབང་སྐུ་ཕྲེང་བདུན་པ་ལ་མོའི་ཨུརྒེར་ཐེངས་གཉིས་ལ་ཕེབས་མྱོང་ཞེས་བརྗོད་པ་ནི་མ་དག་པ་རེད།  ཡང་ཁ་ཅིག་གིས་སྤྱི་ལོ༡༧༢༧་ལོར་རྒྱལ་དབང་སྐུ་ཕྲེང་བདུན་པ་ལ་མོའི་ཨུརྒེར་ཕེབས་ཞེས་བཀོད་པ་ནི་དེ་ལས་ཀྱང་མ་དག་པ་སྟེ།ལོ་འདིར་ཁོང་ཉིད་ལྷ་ལྡན་དུ་བཞུགས་ཡོད་པས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།