[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ས་ཁམས་གནས་ཚུལ།
  • མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་ཁང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཚེ་རིང་ཆོས་སྒྲོན། ཉི་མ་ཚེ་རིང་།    |    སྤེལ་དུས།   2019-07-26

    མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་ནི་བོད་ཙམ་མ་ཟད་འཛམ་གླིང་ན་གྲགས་ཆེ་བའི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་བྱུང་བའི་མ་ཧཱ་པཎྜི་ཏ་ཆེན་པོ་ཞིག་ཡིན་པ་དང་། ཁོང་ནི་སྤྱི་ལོ་1903ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཞོ་འོང་དཔྱིས་གྲོང་ཚོར་ཡབ་ཨ་ལགས་རྒྱལ་པོ་དང་ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་ནི་ཆུང་དུས་ནས་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་རིག་གཞུང་གི་ལས་ལ་སྤྲོ་བ་རབ་ཏུ་འཕེལ་མཁན་ཞིག་ཡིན། མཁས་དབང་ཁོང་གི་མི་ཚེའི་བརྒྱུད་རིམ་ཁྲོད་དུ་དཀའ་ཚེགས་མང་པོ་འཕྲད་ཡོད་ཀྱང་མུ་མཐུད་ནས་སློབ་གཉེར་གྱི་རྒྱུན་བསྐྱངས་པས། མཁས་པ་ཆེན་པོའི་གོ་མིང་ཐོབ། ཁོང་གིས《དེབ་ཐེར་དཀར་པོ》དང《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》སོགས་བརྩམས་ཆོས་མང་དག་ཅིག་བརྩམས་གནང་མཛད། མཐར་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ལོའི་ཧོར་ཟླ་བརྒྱད་པའི་ཚེས་14དགོང་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་ལྷ་ས་དགའ་རུ་ཤར་དུ་སྐུ་གཤེགས། 


    微信图片_20190726110235.jpg

    མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་ཁང་གི་ཟུར་ཞིག

    དྲན་གསོ་ཁང་དུ་ཡོད་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ངོ་སྤྲོད་མདོར་བསྡུས་ལ་གཞིགས་ན། དགེ་འདུན་ཆོས་ཀྱི་འཁྲུངས་ཁང་ད་ལྟའི་བར་དུ་གྲ་མ་ཉམས་ཤིང་གྲུ་མ་ཆག་པར་ཡོད་པའང་སྐུའི་ཚ་བོ་གཡུང་དྲུང་རྒྱལ་ལ་ཨ་ལགས་རྒྱལ་པོ་སྐུ་ཕྲེང་བཞི་པ་བླ་མ་ཤེས་རབ་རྒྱལ་མཚན་ཚང་གི་ཐུགས་བཀོད་དང་། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་ཕྱག་འཕྲིན། ལྷག་པར་དུ་ཐུགས་སྲས་ཧོར་ཁང་བསོད་ནམས་དཔལ་འབར་ཡབ་སྲས་ཀྱིས་འཁྲུངས་གཞིས་རྙིང་པ་འདི་མཁས་དབང་ཁོང་ཉིད་ཀྱི་རྗེས་དྲན་ཁང་དུ་འཇོག་དགོས་ཚུལ་གྱི་བཀའ་སློབ་ལམ་སྟོན་དང་ཕྱག་འཕྲིན་བསྩལ་ཞིང་། དམ་པ་གང་གི་གསུང་རྩོམ་ཕྱག་བསྟར་མ་སྐོར་ཞིག་བླུགས་ཡོད་པའི་ལྕགས་སྒམ་ནག་པོ་སོགས་འཁྲུངས་ཁང་འདི་རུ་དྲན་གསོ་ཁང་ཞིག་འཛུགས་པའི་མཐུན་རྐྱེན་དུ་གནང་བ་དང་། གཞན་ཡང་ཁོང་གི་གཅེན་མོ་སྒོམ་སྐྱིད་རྒྱལ་གྱིས་བདག་གཉེར་བྱས་པའི་ཚེ་བུམ་པད་འཁོར་མ་དང་། ལྟེབ་ལྕོག རྡོ་བྲག་མཁན་པོ་འཇིགས་མེད་བསོད་ནམས་རྣམ་རྒྱལ་གྱིས་ཡབ་བླ་མ་རྒྱལ་པོ་ཚང་ལ་གནང་བའི་དབུ་ཞྭ་སོགས་ཀྱིས་གཙོས་ད་ལྟ་མཇལ་ཡུལ་དུ་གྱུར་ཡོད་པའི་འཁྲུངས་ཁང་དྲན་གསོ་ཁང་འདི་ཉིད་ཡོངས་སུ་གྲུབ་པ་རེད། 

    微信图片_20190726110101.jpg

    མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་བྲིས་ཕྱག་བསྟར་མ།

    ཉེ་བའི་ལོ་ཤས་ནང་འཁྲུངས་ཁང་འདི་ལ་རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ཀྱིས་ཞིག་གསོ་དང་མཐུན་སྒྲུབ་རྒྱབ་སྐྱོར་གནང་མུས་དང་། ད་ལྟ་དམ་པ་གང་གི་རིག་གནས་འགྲེམས་སྟོན་ཁང་དང་། མཆོད་ཁང་། དམངས་སྲོལ་རིག་གནས་ཁང་། སྣེ་ལེན་ཁང་བཅས་ཀྱིས་གྲུབ་ཡོད་པ་མ་ཟད། འདི་གར་ཁོང་གི་གསུང་ཕྱག་བསྟར་མའི་ཡིག་རིགས་དང་རི་མོ་སྣ་ཚོགས། གསུང་རྩོམ་ཁག་གི་གཙོས་ཤུལ་བཞག་དངོས་རྫས་བཞི་བརྒྱ་ལྷག་ཙམ་ཉར་ཚགས་བྱས་ཡོད།  

    微信图片_20190726105944.jpg

    འགྲེམས་སྟོན་ཁང་དུ་ཡོད་པའི་ཤུལ་བཞག་དངོས་རྫས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།