[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ས་ཁམས་གནས་ཚུལ།
  • ཡབ་གཞིས་གཡུ་ཐོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-27

    微信图片_20190627172130.jpg

    གནས་ཡུལ། ལྷ་ལྡན་གཙུག་ལག་ཁང་གི་ནུབ་ཕྱོགས་གཡུ་ཐོག་ཟམ་པའི་ཁ་སྤྲོད་དུ་གནས། 

    གོ་དོན། གཡུ་ཡི་མདོག་ཅན་གྱི་རྫ་ཐོག་ཞེས་པའི་དོན།

    འབྱུང་ཁུངས། གཟིམ་ཤག་དེ་ཉིད་ལྷ་སའི་གཡུ་ཐོག་ཟམ་པའི་འགྲམ་དུ་གནས་པས་མིང་དེ་ལྟར་ཐོགས་པ་ཡིན། 

    འཕེལ་འགྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ་ཞིང་དུ་གཤེགས་རྗེས་གསེར་བུམ་དཀྲུགས་འདོན་བྱས་པ་བརྒྱུད་ཕ་ཡུལ་ལི་ཐང་ནས་ཡིན་པའི་ཚུལ་ཁྲིམས་རྒྱ་མཚོ་སྐུ་ཕྲེང་བཅུ་པར་གཏན་འཁེལ་བས་1822ལོའི་བོད་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་རྩེ་ཕོ་བྲང་དུ་སྲིད་ཁྲིར་མངའ་གསོལ་གྱི་མཛད་སྒོ་འཚོགས། ཡབ་ཆེན་བློ་བཟང་སྙན་གྲགས་ལྷ་སར་གནམ་གཤིས་མ་འཕྲོས་པའི་རྐྱེན་གྱིས་སྙུང་གཞི་བཞེས་ནས་1824ལོར་འདས་རྗེས་ཏཱ་ལའི་བླ་མ་ཚུལ་ཁྲིམས་རྒྱ་མཚོའི་གཅུང་པོ་སྐལ་བཟང་ཕུན་ཚོགས་ལ་གུང་གི་ཆོ་ལོ་ཐོབ་པ་དང་། ཡབ་གཞིས་སུ་གཡུ་ཐོག་གཞིས་ཀ་བསྩལ། གཡུ་ཐོག་གཞིས་ཀ་དེ་ནི་1792ལོར་སྐུ་དྲག་གཞན་གྱི་ལག་ནས་གཞུང་བཞེས་བཏང་བ་ཞིག་ཡིན་པར་འདོད། ཡབ་གཞིས་ཁྱིམ་རྒྱུད་དེ་ནས་སྤྱི་ཁྱབ་མཁན་པོ་གཡུ་ཐོག་འཇམ་དབྱངས་བསྟན་འཛིན་དང་། བཀའ་བློན་གཡུ་ཐོག་ཕུན་ཚོགས་དཔལ་ལྡན། མདོ་སྨད་སྤྱི་ཁྱབ་གཡུ་ཐོག་བཀྲ་ཤིས་དོན་གྲུབ་སོགས་མི་སྣ་མི་ཉུང་བ་ཐོན། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ནང་གཡུ་ཐོག་གཟིམ་ཤག་དེ་ཉིད་རྒྱབ་ཁབ་ལ་བཙོངས་པས་གནས་སྐབས་ཤིག་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་གཉེར་ཡུལ་དུ་གྱུར། ཕྱིས་སུ་བོད་ལྗོངས་ཚོང་དོན་ཅུས་དང་རྡོ་ཐ་ཀུང་སིའི་ཚོང་ཁང་སོགས་ལ་གྱུར། འོན་ཀྱང་། དེ་སྔའི་གཡུ་ཐོག་གཟིམ་ཤག་གི་ཤུལ་ཙམ་ཡང་མཐོང་རྒྱུ་མེད་པའོ། (གྲོང་ཁྱེར་ལྷ་སའི་ས་མིང་ལོ་རྒྱུས་མདོར་བསྡུས་ལས་དྲངས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།