[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ས་ཁམས་གནས་ཚུལ།
  • དཔལ་ལྷའི་རི་ཁྲོད་ཉིན་གྱི་སྲོལ་རྒྱུན་བྱེད་སྒོ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-12-12

    བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན《དཔལ་ལྷའི་རི་ཁྲོད》ཅེས་དཔལ་ལྡན་ལྷ་མོ་གསོལ་མཆོད་ཀྱི་དུས་ཆེན་ཞིག་ཡིན། བོད་ཟླ་བཅུ་པའི་ཚེས་བརྒྱད་དགུ་ཙམ་ནས་ལྷ་སའི་གཙུག་ལག་ཁང་གི་ཡང་སྟེང་དཔལ་ལྷ་ལྕོག་ལ་རྨེ་རུ་དགོན་པའི་ཚོགས་ཡོངས་ནས་གཏོར་སྒྲུབ་ཚུགས། ཆོས་རྒྱལ་སྲོང་བཙན་སྒམ་པོས་གཏེར་ནས་བཞེས(གུང་ཐང་བླ་མ་ཞང་གིས་གཏེར་ནས་བཞེས་ཟེར་བ་ཡང་སྣང་)པར་གྲགས་པའི་ལྷ་མོ་སྦལ་གདོང་གི་ཞལ་འབག་སྐུ་རྒྱུ་ཨར་ཀ་ལས་གྲུབ་པ་དེའི་སྐུ་སྒྲོམ་ལ་ན་བཟའ་དང་སྐུ་རྒྱན་གང་རྒྱས་སྒྲོན་ཐོག་དཔལ་ལྷ་ལྕོག་གི་སྒོ་འགྲམ་དུ་ཞལ་ལྷོ་གཟིགས་སུ་བཞུགས་སུ་གསོལ་བའི་མདུན་དུ་མཆོད་སྤྲིན་བཤམས།

    ལྷ་ས་བ་ཚོས་བསང་གསོལ་གསེར་སྐྱེམས་འབུལ་བ་སོགས་བྱེད། སྐུ་དྲག་ཆེ་ཁག་གི་ཁྱིམ་ཚང་ཁག་གཅིག་ལ་ཁྲལ་ཁྲིའི་རང་བཞིན་གྱིས་འཛུགས་དགོས་པའི་དཔལ་གསོལ་མ་ཞེས་བུད་མེད་བཅུ་གཉིས་ཡོད་པ་དེ་ཚོས་རྒྱན་གོས་གཟབ་རྒྱས་སྤྲས་ཏེ་དཔལ་ལྷ་ལྕོག་གི་སྒོ་འགྲམ་དུ་གྲལ་ལ་འཁོད། ཁོང་ཚོའི་ནང་གི་རྒན་པ་དེར་དབུ་མཛད་ལགས་ཞེས་འབོད་དེས་འགོ་འཛིན་བྱེད། ལྕོག་གི་འདུ་ཁང་ནང་དགེ་འདུན་པ་ཚོས་ཞལ་འདོན་གསུང་སྐབས་དཔལ་གསོལ་མ་ཚོས་ཀྱང་དཔལ་ལྷའི་བསྐངས་བཤགས་བསྟོད་འཕྲིན་རྣམས་མཉམ་དུ་འདོན།  ཚེས་བཅུ་ལྔ་ཉིན་དངོས་སྒྲུབ་གཏོར་མ་ཞེས་ཚོགས་འབུལ་ཞུས་རྗེས་ཚོགས་གཟན་རྣམས་གཙུག་ལག་ཁང་གི་རྒྱ་ཕིབས་འོག་གི་ཐོག་ཡངས་སྟེང་དུ་ཡོད་པའི་མང་ཚོགས་ལ་གཏོར་བར་དེར་ཡོད་རྣམས་ཀྱིས་ཧབ་ཐོབ་ཀྱིས་དངོས་སྒྲུབ་ཐོབ་པར་རྩི། དེ་ཉིན་གྱི་ཞོགས་པ་ལྷ་མོའི་སྐུ་གསོབ་གཙུག་ལག་ཁང་གི་ཁྱམས་རའི་མཐིལ་དུ་གདན་དྲངས། རྨེ་རུ་དགོན་པའི་དགེ་འདུན་པ(སྐུ་བསྟེན་པ་ཟེར)ཞིག་སྐུ་གསོབ་ཀྱི་ནང་དུ་འཛུལ་ཏེ་ལྷ་མོའི་སྐུ་གསོབ་དེ་ཀླུ་སྦུག་གཏོར་ར(ད་ལྟ་མང་ཚོགས་སྒྱུ་རྩལ་ཁང་ཡོད་ས)སོགས་ཕྱོགས་བཞིའི་གཏོར་རྒྱག་རྒྱག་སར་གདན་དྲངས། རྨེ་རུ་དགོན་པའི་དགེ་འདུན་པ་ཚོས་གཏོར་ཟོར་འཕེན་པའི་ཆོ་ག་གནང་། ཕྱི་དྲོ་ལྷ་མོའི་སྐུ་གསོབ་གཙུག་ལག་ཁང་དུ་གདན་ཞུ་བྱེད། དེང་སང་དཔལ་ལྷའི་རི་ཁྲོད་ཉིན་ལྷ་མོའི་སྐུ་གསོབ་གཙུག་ལག་ཁང་གི་ཁྱམས་རའི་ནང་གདན་དྲངས་ཏེ་དད་མཇལ་བ་རྣམས་ལ་མཇལ་ཁ་གཏོང་གི་ཡོད། དཔལ་ལྷའི་རི་ཁྲོད་ཉིན་དཔལ་ལྡན་ལྷ་མོའི་སྐུ་གསོབ་བར་སྐོར་དུ་གདན་ཞུ་བྱེད་པ་དེ་ནི་ཉིན་དེར་དཔལ་ལྡན་ལྷ་མོའི་དུས་ཆེན་ཞིག་ཡིན། དམངས་ཁྲོད་ཤོད་རྒྱུན་དུ་“གཙུག་ལག་ཁང་གི་ཡང་སྟེང་གི་ལྷ་མོ་དྲག་མོ་དེ་མ་ཡུམ་ཡིན་པ་དང་། དེ་ལ་བུ་མོ་གསུམ་ཡོད་པ་ནི་དཔལ་ལྷ་མོ་ཞི་བ་དང་། སྦལ་གདོང་། དུང་མཚོའི་ཟུར་གྱི་ལྷ་མོ་བཅས་ཡིན་པ་དང་། དཔལ་ལྷ་མོ་ཞི་བས་ཨ་མར་གཡོག་ཧུར་ཐག་རྒྱུགས་པས་གཟུགས་མཛེས་ལ་གསོལ་མཆོད་མཁན་མང་པོ་བྱུང་བ་དང་། སྦལ་གདོང་མས་ཨ་མའི་ཁ་ལ་ཡག་པོ་མ་ཉན་སྟབས་གདོང་མདོག་ཉེས་ལ་ལོ་གཅིག་ལ་ཁྱོ་བོ(གྲིབ་རྫོང་བཙན)དང་ཐེངས་གཅིག་ལས་ཐུགས་འཕྲད་མེད། དུང་མཚོའི་ཟུར་གྱི་ལྷ་མོས་ཨ་མར་ཁ་ཡ་མ་བྱས་པར་བརྟེན་བར་སྐོར་ནང་དུ་ལམ་བཟས་སྒུག་མཁན་ཆགས་པ་དེ་རྣམས་ལ་ཨ་མས་སྨོན་ལམ་བཏབ་པ་རེད་ཅེས་ཟེར་སྲོལ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།