[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ས་ཁམས་གནས་ཚུལ།
  • བཀྲ་ཤིས་ཆོས་གླིང་རི་ཁྲོད།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-30

    QQ截图20161130173135.jpg

    གྲུབ་མཐའ། ཕྱིས་སུ་དགེ་ལུགས། འདེབས་མཁན། ཐོག་མར་གནས་འདི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཕྱག་བཏབ་ཟེར། ཆག་ཡུལ་ལྷ་ས་གྲོང་ཁྱེད་ཉང་བྲན་ཕུ། ཕ་བོང་ཁའི་དབུ་སྟོད་དུ་གནས།

    ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་སུ་ཕ་བོང་ཁའི་བྲག་སྟེང་དུ་སྒྲུབ་ཁང་དགུ་ཐོག་བཞེངས་པ་དང་། རྒྱ་མོ་བཟའ་ཀོང་ཇོས་སྤོར་ཐང་བརྒྱད་ཅུ་སྐོར་ཏེ་ས་དཔྱད་བརྩིས་ནས་ལྷ་སའི་ཉེ་འཁོར་གྱི་རི་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་དགེ་མཚན་ཚང་ནས་ཉང་བྲན་འཕན་དཀར་གྱི་རི་ལ་དབུ་ལ་གདུགས་ཞེས་དང་། སྔར་བཀྲ་ཤིས་ཆོས་གླིང་གི་གནས་འདིར་གདུགས་ཡུར་དགོན་ཟེར་སྲོལ་ཡོད་པ་དང་། དེའི་ཉེ་འགྲན་གྱི་རི་ལ་ཆོས་རྒྱལ་ཞལ་སྦག་གི་དབུ་ལ་གདུགས་གསོལ་བ་འདྲ་བའི་གདུགས་ཀྱི་ཡུར་བ་ད་ལྟའི་བཀྲ་ཤིས་ཆོས་གླིང་གི་གནས་འདིར་འཁེལ་བས་གདུགས་ཡུར་དགོན་ཟེར་བའི་མིང་བྱུང་ཚུལ་དགེ་འདུན་བགྲེས་སོང་འགའི་ཞལ་རྒྱུན་ནས་ཐོས། གང་ལྟར་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་གནས་འདིར་དགོན་པ་ཞིག་ཆགས་ཚུལ་མ་ངེས་ཡང་གདུགས་ཡུར་ལྷ་ཁང་ངམ་སྒྲུབ་ཁང་ཞིག་ཆགས་ཡོད་པ་དོན་དང་ལྡན་པར་སེམས།

    དེ་ནས་སྤྱི་ལོའི་དུས་རབས་བཅོ་བརྒྱད་ནས་ལྷ་བཟང་ཧན་གྱིས་སྲིད་དབང་བཟུང་རིང་། སེ་ར་དགོན་པའི་ཚོགས་ཆེན་འདུ་ཁང་དང་སྔགས་པ་གྲྭ་ཚང་སོགས་པའི་སྐུ་གསུང་ཐུགས་རྟེན་གསར་བཞེངས་མཛད་རྒྱུའི་དམིགས་བསལ་མཐུན་རྐྱེན་འབུལ་བ་དང་སྦྲགས། གོང་གསལ་གདུགས་ཡུར་དགོན་ནམ་རི་ཁྲོད་དེ་བཞིན་སེ་ར་སྔགས་པ་གྲྭ་ཚང་ལ་བདག་ཐོབ་བསྩལ་ནས་བཀྲ་ཤིས་ཆོས་གླིང་ཟེར་བའི་མཚན་གསོལ།

    བཀྲ་ཤིས་ཆོས་གླིང་གི་འཚོ་རྟེན་མཆོད་གཞིས་ཕ་བོང་ཁའི་ཁོངས་སུ་གཏོགས་སྟབས་ལོ་ལྟར་གྲ་ཕྱི་གཞིས་ནས་དགེ་འདུན་ཚོའི་གསོལ་ཕོགས་རྩིས་སྤྲོད་ཞུ་དགོས་ཁར། སྤྱི་ལོ་1927ལོའི་ཡས་མས་སུ་སེ་ར་སྔགས་པ་གྲྭ་ཚང་གིས་བཀྲ་ཤིས་ཆོས་གླིང་སླར་ཡང་ཕ་བོང་ཁ་བླ་བྲང་ལ་ཕྱིར་འབུལ་ཞུས། དེ་ནས་བཟུང་ཕ་བོང་ཁ་ནས་གནས་ཀྱི་བླ་མ་ཕེབས་སྲོལ་བྱུང་སྟེ། སྐུ་ཕྲེང་དང་པོ་རྗེ་བཙུན་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ། གཉིས་པ་བླ་མ་བློ་བཟང་ཆོས་འཕེལ་བཅས་སྤྱི་ལོ་1959ལོ་བར་རིམ་པར་བྱོན་པ་ཡིན་ནོ།།

    བཀྲ་ཤིས་ཆོས་གླིང་གི་ནང་རྟེན་གཙོ་བོ། རྒྱལ་བ་བྱམས་པ་(མི་དབང་བྱམས་པ་ཡང་ཟེར་ཞིང་། མི་དབང་ལྷ་བཟང་གིས་བཞེངས་པ་མིན་ནམ་བརྟག་པར་ཞུ་)གནས་བརྟན་བཅུ་དྲུག་གི་སྐུ་བྱིན་ཅན་དང་། བདེ་མཆོག་གི་སྐུ་སོགས་བཞུགས། སྤྱི་ལོ་1959ལོར་གནས་འདིར་དགེ་སློང་ཞལ་གྲངས་ཉི་ཤུ་རྩ་ལྔ་བཞུགས་ཤིང་། དེ་ནས་རིག་གནས་གསར་བརྗེའི་སྐབས་ཕྱི་ནང་སྣོད་བཅུད་ཐམས་ཅད་གཏོར་དུ་སོང་། སྤྱི་ལོ་1990ལོའི་གཡས་གཡོན་དུ་ཉམས་གསོ་བྱེད་འགོ་ཚུགས་ནས་ད་ལྟ་ལྷ་ཁང་གཙོ་བོ་དང་གྲྭ་ཤག་རེ་གཉིས་ཉམས་གསོ་བསྒྲུབས་ཏེ་སེ་ར་སྔགས་གྲྭའི་དགེ་འདུན་བཞི་བསྐོ་རྒྱུན་བཞུགས་གནང་ཡོད་པ་ལགས།

    《ལྷ་སའི་དགོན་ཐོ་རིན་ཆེན་སྤུངས་རྒྱན་ཞེས་བྱ་བ་བཞུགས་སོ》ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།