[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གྲྭའི་པར་རིས།
  • ལང་ཚོའི་གཤོག་རྩལ་ངོམས། འབྱུང་འགྱུར་ཕུགས་འདུན་བརྩོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-26

    2017ལོའི་ཟླ་12པར། བྱམས་པ་དབང་ལྡན་དང་ཁོང་གི་གྲོགས་པོས་ལྷ་ས་གྲོང་ཁྱེར་དུས་བྱ་ཚང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་རེད། “ང་ཚོས་ཀུང་སི་འདི་འཛུགས་དོན་ནི། ལྷ་སར་ཁྲོམ་གཞུང་ཞབས་བྲོའི་རིག་གནས་བརྒྱུད་སྤེལ་བྱས་ཏེ་གཞོན་ནུ་དེ་བས་མང་བས་རང་ཉིད་ཀྱི་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། སློབ་ཆེན་སློབ་མ་དེ་བས་མང་བ་ལས་ཞུགས་ཐུབ་པ་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་དེ་ཡིན”ཞེས་ལྷ་ས་གྲོང་ཁྱེར་དུས་བྱ་ཚང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་ཁྲིམས་མི་དང་ལག་བསྟར་ཏུང་ཧྲི་དང་། ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་བོད་ཀྱི་རྒྱུན་ལས་ལས་འཛིན་དྲུང་ཡིག བོད་ཀྱི་གྲགས་ཅན་ཁྲོམ་གཞུང་ཞབས་བྲོ་ཚོགས་པའི་TNTཚོགས་པའི་རུ་དཔོན་བཅས་ཡིན་པའི་བྱམས་པ་དབང་ལྡན་གྱིས་གསར་འགོད་པར་བཤད་བྱུང་།

    ལས་གཏོད་མ་བྱས་གོང་། ཁོང་ལ་ཁྲོམ་གཞུང་ཞབས་བྲོའི་སྐོར་གྱི་ལོ་མང་པོའི་ཉམས་མྱོང་ཡོད་ཅིང་། ཁོང་གིས་བརྗོད་པར་གཞིགས་ན། ཁོང་དང་ཁྲོམ་གཞུང་ཞབས་བྲོའི་དབར་ལོ་མང་པོའི་གོང་ནས་ལས་དབང་ཟབ་མོ་འཕྲད་ཡོད།

    “2007ལོར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་ལྔ་པའི་ཐོག་རྒྱལ་ཡོངས་ཀྱི་ཁྲོམ་གཞུང་ཞབས་བྲོའི་འགྲན་སློང་འགྲན་བསྡུར་བྱེད་ཐེངས་དང་པོ་མཐོང་སྐབས་ངའི་ཡིད་དབང་རྦད་དེ་འཕྲོགས་སོང་། ཉིན་དེ་ནས་བཟུང་། ངས་ཁྲོམ་གཞུང་ཞབས་བྲོ་སྦྱོང་འགོ་བཙུགས་པ་ཡིན། ལོ་མང་རིང་ངས་ཁྲོམ་གཞུང་ཞབས་བྲོར་དགའ་པོ་བྱེད་པ་དེ་ཉེ་འགྲམ་གྱི་མི་རྣམས་ཀྱིས་ཤེས་གསལ་རེད”ཅེས་བྱམས་པ་དབང་ལྡན་གྱིས་འཛུམ་དམུལ་དམུལ་ངང་བཤད།

    མཐོ་རིམ་སློབ་འབྲིང་ཐོན་རྗེས་བྱམས་པ་དབང་ལྡན་པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གཉིས་པར་རྒྱུགས་འཕྲོད་པ་དང་། དེ་གར་ལོ་གཉིས་སློབ་སྦྱོང་བྱས་རྗེས་པེ་ཅིང་ཅི་ལི་སློབ་ཆེན་དུ་བསྒྱུར་ནས་དར་སོ་ཆེ་བའི་ཁྲོམ་གཞུང་ཞབས་བྲོ་སྦྱོང་རྒྱུའི་སེམས་ཐག་བཅད། “སྐབས་དེ་དུས་ངས་ཕ་མར་དེའི་སྐོར་བཤད་མེད། རྒྱུ་མཚན་ནི་ཁོང་ཚོས་མོས་མཐུན་གཏན་ནས་གནང་སྲིད་ཀྱི་མ་རེད། ལྐོག་ཏུ་སློབ་གྲྭ་བསྒྱུར་རྗེས་གཞི་ནས་ཁོང་ཚོར་བཤད་པ་ཡིན”ཞེས་བྱམས་པ་དབང་ལྡན་གྱིས་བཤད།

    བྱམས་པ་དབང་ལྡན་གྱིས་ཁྲོམ་གཞུང་ཞབས་བྲོ་མེད་པའི་གྲོང་ཁྱེར་ནི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཞིག་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ཤིས་ཧ་གཞས་མ་གཏམ་རིག་གནས་ཁྲོད་ཀྱི་དགེ་མཚན་དང་དྲང་ནུས་ལྡན་ཤོས་ཀྱི་རིག་གནས་ཁྱབ་གདལ་གཏོང་བཞིན་ཡོད་པ་དང་། 2017ལོར། བྱམས་པ་དབང་ལྡན་པེ་ཅིང་ཅི་ལི་སློབ་ཆེན་ཐོན་རྗེས་བོད་དུ་ལོག་ནས་ཀྲུང་གོ་སྒུལ་བདེ་ལྷ་ས་ཡན་ལག་ཀུང་སིར་ལས་ཀ་བྱས། ལོ་དེར་ཁོང་གིས་གྲོགས་པོ་དང་མཉམ་དུ་ལྷ་ས་གྲོང་ཁྱེར་དུས་བྱ་ཚང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་རེད།

    “ཁྲོམ་གཞུང་ཞབས་བྲོའི་ལས་དོན་ཁང་སྟབས་བདེ་ཞིག་བཙུགས་ཚེ། སྤྱི་ཚོགས་ཐོག་ཁས་ལེན་བྱེད་མཁན་ཉུང་ཉུང་ཡིན་པས་ཀུང་སི་ཞིག་བཙུགས་པ་དང་གཅིག་མཚུངས་མ་རེད། གལ་ཏེ་ངས་སྨྱན་སྦྱོར་བརྒྱུད་སྤེལ་ཀུང་སི་ཞིག་བཙུགས་ནས་རྒྱལ་ཁབ་ཀྱིས་གཞོན་ནུ་ཚོར་ལས་གཏོད་སྲིད་ཇུས་དང་གཟིགས་སྐྱོང་ཆེན་པོ་གནང་གི་ཡོད་པའི་གོ་སྐབས་བཟང་པོ་སྤྱད་དེ་ཞབས་བྲོའི་སློབ་གསོར་སྐུལ་འདེད་བཏང་ནས་མི་དེ་བས་མང་བས་ཁྲོམ་གཞུང་ཞབས་བྲོའི་རིག་གནས་ཤེས་རྟོགས་ཐུབ་པར་བྱས་ཚེ། གཞི་ནས་རང་གི་དམིགས་ཡུལ་འགྲུབ་ཐུབ”ཅེས་ལས་གཏོད་ཀྱི་ཐོག་མའི་བསམ་འདུན་སྐོར་གླེང་སྐབས་བྱམས་པ་དབང་ལྡན་གྱིས་བཤད།

    ཀུང་སིའི་འགྲན་ནུས་ཆེ་རུ་གཏོང་ཆེད། བྱམས་པ་དབང་ལྡན་དང་ཁོང་གི་ཚོགས་པས་ད་དུང་ཀུང་སིའི་ལས་སྒོ་རྒྱ་ཆེར་བཏང་བ་དང་ཕྱོགས་མཚུངས། སྐུ་མགྲོན་གྱི་དགོས་མཁོར་གཞིགས་ནས་བྱེད་སྒོའི་ཇུས་གཞི་འོས་འཚམ་བཟོས་ཏེ་ཕྱོགས་ཡོངས་ནས་སྐུ་མགྲོན་གྱི་དགོས་མཁོ་སྐོང་གི་ཡོད་པས། སྐུ་མགྲོན་གྱིས་བོད་ཀྱི་ཁྱད་ཆོས་ལྡན་པ་དང་ཆུ་ཚད་མཐོ་བའི་ཆེད་ལས་ཀྱི་བྱེད་སྒོའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

    བྱམས་པ་དབང་ལྡན་གྱིས་གསར་འགོད་པར། ང་ཚོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ད་ཆ་ང་ཚོའི་ཀུང་སི་འཕེལ་རྒྱས་འགྲོ་ཚུལ་ལེགས་པ་མ་ཟད། ཞབས་བྲོ་དང་རོལ་དབྱངས་སོགས་ཁྱབ་ཁོངས་མང་པོའི་ལས་སྒོ་གཉེར་གྱི་ཡོད་པས། ཆེད་ལས་ཀྱི་ཇུས་འགོད་དང་། སྒྲིག་འཛུགས། ལག་བསྟར་བཅས་ཀྱི་ཞབས་ཞུའི་ཚོགས་པ་དང་དེ་བཞིན་སྤྱི་ཡོངས་ཀྱི་རྣམ་གྲངས་གཉེར་བའི་ནུས་པ་ལྡན་ཡོད།

    “ལས་གཏོད་ནི་རང་ཉིད་ལ་སྦྱོང་བརྡར་སྤྲོས་པའི་བརྒྱུད་རིམ་ཞིག་ཡིན། སོ་སོས་ཐབས་ཇུས་རེ་འགོད་པ་དང་བྱ་སྤྱོད་རེ་སྤེལ་རིམ་བཞིན་རང་ཉིད་ལ་ཁས་ལེན་དང་། རང་ཉིད་ལ་ཐེ་ཚོམ། རང་ཉིད་ཕམ་ཉེས་སོགས་ཀྱི་གནས་ཚུལ་ཐོན་སྲིད་པས། གལ་ཏེ་རྒྱུན་འཁྱོངས་ཐུབ་པ་དང་ཡང་དག་པའི་བརྡར་ཤ་གཅོད་ཐུབ་ཚེ། དེ་ནི་རང་ཉིད་ཀྱི་ཐོག་མའི་བསམ་འདུན་རེད”ཅེས་བྱམས་པ་དབང་ལྡན་གྱིས་བརྗོད་ཅིང་། ཁོང་གིས“དེ་སྔ་རང་ཉིད་ལས་ཀ་གང་ཞིག་བྱེད་དགོས་མིན་མ་ཤེས་པར་ལུས་པའི་སྐབས་སུ་ཁྲོམ་གཞུང་ཞབས་བྲོས་རང་ཉིད་ལ་མི་ཚེའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ཤིག་བསྟན་བྱུང་། ཁྲོམ་གཞུང་ཞབས་བྲོས་སྤྲོ་སྣང་དང་ཡར་ཐོན་གྱི་རིག་གནས་རྣམ་པ་ཞིག་བཏོད་ཀྱི་ཡོད། ངས་སྤྲོ་སྣང་འཕེལ་བའི་རིག་གནས་དེ་མི་དེ་བས་མང་བར་བརྒྱུད་སྤེལ་བྱས་ནས་མི་ཚོས་འཚོ་བར་དགའ་ཞེན་དང་། རང་ཉིད་ཀྱི་སྤྲོ་སྣང་གང་ལེགས་མཚོན་པ། དྲང་ནུས་བརྒྱུད་སྤེལ་བཅས་བྱ་རྒྱུར་ལྕག་སྐུལ་བྱེད་བཞིན་ཡོད”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།

    འབྱུང་འགྱུར་གྱི་སྐོར་གླེང་སྐབས། བྱམས་པ་དབང་ལྡན་གྱིས“ང་ཚོའི་ལས་སྟེགས་བརྒྱུད་མི་དེ་བས་མང་བས་ཁྲོམ་གཞུང་ཞབས་བྲོར་རྒྱུས་མངའ་ལོན་པ་དང་སློབ་སྦྱོང་བྱས་ནས་ཁྲོམ་གཞུང་ཞབས་བྲོར་དགའ་ཞེན་དང་རིག་གནས་འདི་དང་ལེན་བྱ་རྒྱུའི་རེ་བ་ཡོད། དེ་དང་དུས་མཚུངས་ང་ཚོའི་ཀུང་སི་འདི་རིག་གནས་ཐོན་ལས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་མཁན་དང་ཕན་པ་སྐྲུན་མཁན་ཞིག་ཏུ་འགྱུར་རྒྱུའི་རེ་བའང་ཡོད”ཅེས་བཤད།

    luyj91110.jpg

    འདི་ནི་ཁྲོམ་གཞུང་ཞབས་བྲོ་འཁྲབ་བཞིན་པའི་བྱམས་པ་དབང་ལྡན་ཡིན་པ།

    luyj91106.jpg

    འདི་ནི་ལོ་ཆུང་འཛིན་གྲྭའི་སློབ་མ་ཚོས་ཁྲོམ་གཞུང་ཞབས་བྲོ་སྦྱོང་བཞིན་པ། 

    luyj91109.jpg

    འདི་ནི་བྱམས་པ་དབང་ལྡན་དང་ཁྲོམ་གཞུང་ཞབས་བྲོ་འཛིན་གྲྭའི་སློབ་མ་ཡིན་པ།

    luyj91108.jpg

    འདི་ནི་ལྷ་ས་གྲོང་ཁྱེར་དུས་བྱ་ཚང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་ཟུར་ཞིག་ཡིན་པ།

    luyj91104.jpg

    འདི་ནི་ལྷ་ས་གྲོང་ཁྱེར་དུས་བྱ་ཚང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་ལས་གཉེར་མཛད་སྒོ་འཚོགས་ཡུལ་ཡིན་པ།

    luyj91107.jpg

    འདི་ནི་ལོ་ཆུང་ཁྲོམ་གཞུང་ཞབས་བྲོའི་འཛིན་གྲྭར་DCBཁྲོམ་གཞུང་ཞབས་བྲོའི་འགྲན་བསྡུར་ཆེ་མོའི་ཐོག་སྐུལ་ལྕག་གི་བྱ་དགའ་ཐོབ་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།