[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • གཅེས་སེམས་མཚོན་པའི་སྤྱི་ཕན་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན།

    —— ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་འོས་འགན་སྨན་བཅོས་བྱེད་སྒོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-30

    སྟོན་ཁ་ཤར་བ་དང་བསྟུན་གནམ་གཤིས་རིམ་པས་གྲང་ངར་ཆེ་རུ་འགྲོ་བཞིན་ཡོད་ཀྱང་ཉིང་ཁྲི་གྲོང་ཁྱེར་ཞ་མོན་ཐང་ཆེན་དུ་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་གནས་ཚུལ་གཅིག་ཐོན་ཡོད།

    “ཁྱེད་ལ་གྲུམ་བུ་ཆུ་སེར་གྱི་ནད་ཡོད་དམ། རྒྱུན་དུ་ངེས་པར་དུ་ཞག་ཚིལ་མེད་པའི་ཁ་ལག་ཟ་དགོས་པ་མ་ཟད་དྲོད་སྲུང་ལ་དོ་སྣང་བྱས་ཏེ་བཞའ་ཚན་ཡོད་སར་སྡོད་མི་རུང”ཞེས་ཐང་ཆེན་དུ་འཆམ་འཆམ་བྱེད་བཞིན་ཡོད་པའི་ལོ་ན་67ལ་སླེབས་པའི་སྐུ་ཞབས་ལི་ལགས་ཀྱིས་ཞོར་དུ་སྨན་དོན་མི་སྣ་དང་གྲུམ་བུའི་ནད་ལ་རྒྱུན་གཏན་དོ་སྣང་བྱེད་དགོས་པའི་དོན་གནད་བློ་འདྲི་བྱེད་བཞིན་ཡོད།

    དོན་དངོས་ཐོག་དེ་ནི་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ཀྲུང་གོ་གསར་པར་སྨོན་འདུན་ཞུ། ལྷད་མེད་བརྩེ་སེམས་མཚོན་པར་བྱེད”ཅེས་པའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཁོག་ནད་དང་། ཕྱི་བཅོས། བུད་མེད་དང་བུ་བཙའ། ཕྲུ་གུ། བདེ་ཐང་སླར་གསོའི་ཚན་ཁག འགོས་ནད་ཚན་ཁག དོས་དྲག་ཚན་ཁག ཁ་ནད་ཚན་ཁག་སོགས་ནས་ཡོང་བའི་བོད་སྐྱོར་སྨན་པ་དང་ས་གནས་ཀྱི་རིགས་གཅིག་མཁས་ཅན་20ལྷག་ཙམ་གྱིས་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོར་སྨན་རིན་མི་དགོས་པའི་སྨན་བཅོས་བློ་འདྲི་བྱེད་པ་དང་། ཁྲག་ཤེད་ལྟ་བ། ཁྲག་མངར་ལྟ་བ། ཚོན་ཁྲ་ཅན་གྱི་གློག་པར་བརྟག་དཔྱད་སོགས་ཀྱི་ཞབས་ཞུ་བསྒྲུབས་ཤིང་། ནད་གཞི་མི་འདྲ་བར་དམིགས་ཏེ་ལུགས་མཐུན་སྨན་བཅོས་ཀྱི་ཇུས་གཞི་དང་གྲོས་འགོ་བཏོན་ནས་འཕྲོད་བསྟེན་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་དང་། བདེ་སྲུང་ལུས་གསོའི་མཛུབ་ཁྲིད། རིན་མེད་སྨན་སྤྲོད་པ་སོགས་བྱས་ཡོད།

    བྱེད་སྒོ་སྤེལ་ནས་ཆུ་ཚོད་གཅིག་ཀྱང་མ་འགོར་བར་ཐང་ཆེན་དུ་སྨན་བཅོས་བྱེད་པར་ཡོང་མཁན་མང་ཚོགས་ཀྱིས་ཁེངས་ཡོད། ཚང་མས་སྨན་པ་དང་རིགས་གཅིག་མཁས་ཅན་གྱི་མཐའ་སྐོར་ནས་འབྲེལ་ཡོད་གནས་ཚུལ་བློ་འདྲི་བྱེད་བཞིན་ཡོད། སྨན་པ་མཱ་རུང་ཧྭ་ཡིས་ངང་རྒྱུད་རིང་པོའི་སྒོ་ནས་མང་ཚོགས་ཀྱི་དོགས་གནད་བསལ་བ་མ་ཟད། བློ་འདྲི་བྱེད་མཁན་མང་ཚོགས་ཀྱི་ནད་དེབ་དང་། སྨན་སྤྱོད་ཚུལ། མིག་སྔའི་ནད་རྟགས་སོགས་དྲིས་ཏེ་དུས་ཚོད་ཐུང་ཤོས་ནང་ནད་ཐོག་སྨན་བཅོས་ཐུབ་པ་བྱས་ཡོད།

    བློ་འདྲི་སྨན་བཅོས་བརྒྱུད་མང་ཚོགས་མི་ཉུང་བ་ཞིག་གི་ནད་གཞི་རྩད་ཆོད་དེ་སྨན་ཡང་རག་ཡོད། བདེ་ཐང་སློབ་གསོའི་ལག་དེབ་སྤྲད་པ་དང་། སྨན་པས་མི་སེར་ལ་བདེ་ཐང་གི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། དེ་བཞིན་གཅོང་ནད་དང་། དོས་དྲག་ནད། འགོས་ནད་བཅས་སྔོན་འགོག་དང་ཁྱིམ་ཚང་གི་མྱུར་སྐྱོབ་ཤེས་བྱ་སོགས་དྲིལ་བསྒྲགས་བྱས་ཡོད། བདེ་ཐང་བློ་འདྲི་བརྒྱུད་ཡུལ་མི་ཚོས་རྒན་རྒོན་གྱི་བདེ་ཐང་ཤེས་བྱ་དང་། བཟའ་བཏུང་ཤེས་བྱ། སྨན་སྤྱོད་ཤེས་བྱ་དང་དེ་བཞིན་སྙིང་ཀླད་ཁྲག་རྩའི་ནད་སོགས་ཐད་དོ་སྣང་བྱེད་དགོས་པའི་དོན་གནད་སྣ་ཚོགས་ཤེས་རྟོགས་ཐུབ་ཡོད།

    “བག་ཕེབས་དང་སྤྲོ་སྣང་འཕེལ་བའི་རྣམ་པའི་ཁྲོད་བདེ་ཐང་གི་ཤེས་བྱ་སྔར་བས་མང་བ་ཤེས་རྟོགས་ཐུབ་པར་ང་ཚོ་ཧ་ཅང་དགའ་པོ་བྱུང་ལ་སྨན་ཁང་གིས་ང་ཚོར་གཅེས་སེམས་མཚོན་པའི་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ད་ཐེངས་ཀྱི་འོས་འགན་བྱེད་སྒོར་མི་སེར་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།