[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • རིམ་དབྱེའི་ནད་བརྟག་སྨན་བཅོས་ལས་མང་ཚོགས་ཚོར་སྤུས་ལེགས་ཀྱི་སྨན་བཅོས་ལོངས་སུ་སྤྱོད་རྒྱུ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-16

    འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གོ་སྐབས་སུ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རིམ་དབྱེའི་ནད་བརྟག་སྨན་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་གཞི་རིམ་དུ་ཐོག་མར་སྨན་བཅོས་བྱེད་པ་དང་། ཕྱོགས་གཉིས་སུ་བརྗེ་སྒྱུར་བྱས་ནས་སྨན་བཅོས་བྱེད་པ། དོས་དྲག་དང་གཅོང་ནད་རིགས་དབྱེ་ནས་སྨན་བཅོས་བྱེད་པ། གོང་འོག་མཉམ་འགུལ་གྱི་རིམ་དབྱེའི་ནད་བརྟག་སྨན་བཅོས་བྱེད་པ་བཅས་ཀྱི་སྨན་པ་བསྟེན་པའི་རྣམ་པ་ཞིག་རིམ་བཞིན་བཏོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཆུས་ཁག་གི་སྨན་ཁང་གིས་སྨན་ཁང་གི་ཆ་འཕྲིན་མ་ལག་དང་། གློག་རྡུལ་ནད་དེབ་མ་ལག ཚོད་ལྟ་ཁང་གི་ཆ་འཕྲིན་མ་ལག གསོ་རིག་གཟུགས་བརྙན་གསོག་ཉར་དང་དེ་བཞིན་བརྒྱུད་གཏོང་མ་ལག་བཅས་སྔ་རྗེས་སུ་བཙུགས་ནས། སྨན་དོན་མི་སྣའི་ལས་ཆོད་ཆེ་རུ་དང་ནད་པར་ནད་གཞི་ལྟ་བའི་དུས་ཚོད་གྲོན་ཆུང་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་སྤུས་ལེགས་དང་། བདེ་འཇགས་ལྡན་པ། ཕན་པ་དངོས་ཐོབ་པ་བཅས་ཀྱི་སྨན་བཅོས་ཀྱི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱིས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་མ་དངུལ་སྒོར་ཁྲི་5680བཏང་ནས་ཤང་དང་གྲོང་རྡལ་ཁག་གཅིག་གི་འཕྲོད་བསྟེན་ཁང་ལ་ལྟ་སྲུང་བརྒྱུད་འདྲེན་རྣམ་པའི་མྱུར་སྐྱོབ་རླངས་འཁོར་142སྤྲད་པ་རེད།

    འདི་ལོ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་བཅོས་སྒྲིག་གཞི་20དང་སྨན་བཅོས་མཉམ་འབྲེལ་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། གྲོང་ཁྱེར་སྨན་རྩིས་ཁང་གིས་སྨན་བཅོས་སྒྲིག་གཞི་3དང་སྨན་བཅོས་མཉམ་འབྲེལ་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ། གན་རྒྱ་བཞག་པའི་གྲོང་ཁྱེར་རིམ་པའི་སྨན་ཁང་གིས་རྫོང་རིམ་པའི་སྨན་ཁང་ལ་སྨན་བཅོས་ལག་རྩལ་གྱི་རྒྱབ་སྐྱོར་དང་། ཤེས་ལྡན་པ་མཁོ་འདོན། ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)སྨན་ཁང་18དང་ཁ་གཏད་རོགས་སྐྱོར་བྱེད་མཁན་ནང་སའི་རིམ་གསུམ་སྨན་ཁང་དབར་ལ་རྒྱང་བསྟེན་སྨན་བཅོས་ཐབས་ལམ་ཤར་གཏོང་བྱས་པ་དང་། གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལྷ་རྩེ་སོགས་རྫོང་5དང་དེ་བཞིན་ཤང་དང་གྲོང་རྡལ་5ལ་རྒྱང་བསྟེན་མཉམ་བསྡུས་ནད་དཔྱད་ལས་སྟེགས་ཤར་གཏོང་བྱས་པས། གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་ཞིང་འབྲོག་ནད་པར་ནང་སའི་རིམ་གསུམ་སྨན་ཁང་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་སྟབས་བདེ་པོའི་སྒོ་ནས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། ནད་པ་ཚོར་ཐག་རིང་དུ་སྨན་པ་བསྟེན་པའི་རྙོག་དྲ་ཆུང་དུ་ཕྱིན་པའི་ཁར་མང་ཚོགས་ཚོའི་ནད་གཞི་ལྟ་བའི་འགྲོ་གྲོན་ནུས་ལྡན་ངང་དམའ་རུ་ཕྱིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།