[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ཚ་བ་རོང་གི་བདེ་ཐང་སྲུང་མ།

    ​“གྲོང་གསེབ་ཀྱི་སྨན་པ་ཡག་ཤོས”བུ་ཆུང་དང་འཕྲོད་བསྟེན་ཁང་གི་འགྱུར་ལྡོག་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-16

    ཚ་བ་རོང་ཤང་ནི་རྒྱབ་ཏུ་གནས་མཆོག་ཁ་བ་དཀར་པོ་ཡོད་ལ་རྒྱལ་མོ་རྔུལ་ཆུའི་ཕྱོགས་སུ་ཡོད་པ་དང་བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་ཁོངས་སུ་གཏོགས་ཀྱི་ཡོད། གསར་འགོད་པ་དང་བཅས་པ་ཚ་བ་རོང་ཤང་དུ་འབྱོར་སྐབས་ཚ་གདུག་ཆེ་བའི་ཕྱི་དྲོ་ཡིན་པས་ཚ་སོབ་སོབ་ཀྱི་རླུང་བུ་དལ་གྱིས་ལྡང་ཡོང་།

    རྫ་ཡུལ་རྫོང་ཨུད་ཀྱི་རྒྱུན་ཨུ་ཚ་བ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་བཀྲ་ཤིས་ཀྱིས་འོས་སྦྱོར་བྱས་ནས་གསར་འགོད་པ་ཚ་བ་རོང་ཤང་ལྟེ་བའི་འཕྲོད་བསྟེན་ཁང་གི་བུ་ཆུང་དང་ཐུག་བྱུང་། ངོ་གདོང་སྨུག་ལ་ལུས་པོ་ཅུང་རྒྱགས་པའི་བུ་ཆུང་གི་གདོང་ལ་འཛུམ་གྱིས་ཁེངས་འདུག

    2000ལོར་བུ་ཆུང་བོད་ལྗོངས་མི་རིགས་སློབ་གླིང(ད་ལྟ་བོད་ལྗོངས་མི་རིགས་སློབ་ཆེན)གི་གསོ་རིག་ཚན་ཁག་ནས་སློབ་མཐར་ཕྱིན་རྗེས་ཚ་བ་རོང་ཤང་དུ་ལས་བགོ་བརྒྱབ་པ་རེད། ཕ་ཡུལ་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ནས་ཡིན་པའི་ཕོ་གསར་ཁོང་ལ་མཚོན་ན། སྐབས་དེ་དུས་ཚ་བ་རོང་ཤང་དུ་ལམ་དང་། གློག སྦྲག་སྲིད་བཅས་མེད་པ་ནི་ཁོང་གི་བསམ་ཡུལ་ལས་འདས།

    འཕྲོད་བསྟེན་ཁང་མེད་པའི་རྐྱེན་གྱིས་ཚ་བ་རོང་དུ་འབྱོར་མ་ཐག་པའི་བུ་ཆུང་གིས་སློབ་ཆུང་དུ་ལོ་གཉིས་རིང་དགེ་རྒན་བྱས། ཕྱིས་སུ་ཁོང་དང་ལོ་དེར་མཉམ་དུ་ལས་བགོ་བརྒྱབ་པའི་སློབ་གྲྭ་ཆེ་མོ་བ་གཞན་ཞིག་དང་ཤང་གི་སྔར་ཡོད་སྨན་པ་2དང་། གན་བཞག་ལས་མི་2 དེ་བཞིན་གཞུང་སྒྲུབ་ནད་བརྟག་ཁང་ཞིག་བཅས་ལས་དེ་དུས་ཀྱི་ཚ་བ་རོང་ཤང་འཕྲོད་བསྟེན་ཁང་བཙུགས་པ་རེད།

    ལས་ཀའི་ཁོར་ཡུག་དེ་ལྟ་བུའི་མདུན་དུ་བུ་ཆུང་ལའང་ཐེ་ཚོམ་སྐྱེས་མྱོང་སྟེ། “ང་དངོས་གནས་ས་འདི་ནས་ཁ་འབྲལ་འདོད་ཀྱི་བསམ་བློ་སྐྱེས་མྱོང་། འོན་ཀྱང་རྗེས་སུ་རང་ཉིད་ག་ལེར་བསམ་བློ་མཐོངས་བྱུང་། ང་ས་ཆ་འདིར་སྡོད་འདོད་མེད་པ་དང་ཁོང་ཡང་སྡོད་འདོད་མེད་ན། སུ་ཞིག་སྡོད་འདོད་ཡོད་དམ། མི་གཅིག་ཀྱང་མ་བསྡད་ན་ཚ་བ་རོང་གི་མི་སེར་གྱི་ན་ཚ་གང་འདྲ་བྱེད་དགོས”ཞེས་བཤད།

    ཚ་བ་རོང་གི་ཡུལ་མིར་མཚོན་ན། ས་བབ་དང་འགྲིམ་འགྲུལ་གྱི་བཀག་རྒྱ་ལས་ཁོང་ཚོ་ལོ་ཟླ་འཁོར་མོ་ཡུག་ཏུ་གནས་དེར་འཚོ་བ་སྐྱེལ་དགོས་པ་དང་། སྨན་པ་དང་སྨན་དཀོན་པ་ནི་ནམ་རྒྱུན་འཚོ་བའི་ནང་གི་ཆེས་རྒྱུན་གཏན་གྱི་དཀའ་ངལ་རེད།

    ཚ་བ་རོང་ཤང་དུ་སྡོད་པའི་ཐོག་མའི་དུས་སྐབས་ལ་དངོས་གཞིའི་སློབ་རྒྱུས་ལྡན་པའི་གྲོང་གསེབ་སྨན་པ་དང་པོ་ཡིན་པའི་བུ་ཆུང་གིས་ཡུལ་མི་ཚོའི་རེ་ལྟོས་ཀྱི་མིག་མདངས་ལས་ཁོང་རང་ཉིད་མཁོ་གལ་ཆེ་བ་ཚོར་བར་བརྟེན། སེམས་ཀྱིས་མ་བཟོད་པར་ཡུལ་གཞན་དུ་འགྲོ་བའི་བསམ་པ་དོར་བ་རེད།

    མཐར་བུ་ཆུང་གིས་དེ་གར་གྲོང་གསེབ་སྨན་པ་ཞིག་གི་ཐོག་མའི་ཀུན་སློང་བརྟན་སྲུང་བྱས་ནས་བསྡད་པ་རེད།

    སྐད་ཅིག་ཙམ་དུ་མི་ལོ་19འདས་ཤིང་། བུ་ཆུང་ཡང་ལོ་23གྱི་གཞོན་ནུ་ཞིག་ནས་ལོ་42ལོན་པའི་ཨ་ཕ་དར་མ་ཞིག་ཏུ་གྱུར། ཁོང་གནས་སའི་ཚ་བ་རོང་ཤང་འཕྲོད་བསྟེན་ཁང་ལའང་འགྱུར་ལྡོག་བྱུང་ནས་ད་ཆ་སྒྲིག་ཁོངས་ཡོད་པའི་སྨན་དོན་མི་སྣ་10ཡོད་པ་མ་ཟད། ད་དུང་སྨན་དོན་མི་སྣ་གཞན་ཡོད་ཁར་ཚ་བ་རོང་ཤང་ལྟེ་བའི་འཕྲོད་བསྟེན་ཁང་ཞེས་མིང་བསྒྱུར་ཡོད་པ་རེད།

    ཚ་བ་རོང་ཤང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་4600ལྷག་ཡོད་ཅིང་། སྲིད་འཛིན་གྲོང་ཚོ་26དང་རྒྱུན་སྡོད་མི་འབོར་7000ལྷག་ཙམ་ཡོད་ལ། ཁོང་ཚོ་ཕལ་ཆེ་བ་ནི་རྒྱལ་མོ་རྔུལ་ཆུའི་རོང་དུ་གཞིས་ཆགས་ཡོད་པ་མ་ཟད་བུ་ཆུང་དང་ཚ་བ་རོང་ཤང་ལྟེ་བའི་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣའི་ཆེས་ཐད་ཀའི་ཞབས་འདེགས་ཞུ་ཡུལ་ཡང་ཡིན་པ་རེད།

    2014ལོར་བུ་ཆུང་ལ་རྒྱལ་ཡོངས་ཀྱི“གྲོང་གསེབ་ཀྱི་སྨན་པ་ཡག་ཤོས”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ཁོང་ལ་བརྙན་ལམ་བཟོས་པའི་ནང་གྲོང་གསེབ་སྨན་པ་ཁོང་རྟར་བཞོན་པ་དང་། དཔྱང་ཟམ་ནས་ཤུད་པ། རྐང་ཐང་དུ་སོང་ནས་ཡུལ་མིའི་ནད་ལྟ་བ་དང་། བརྙན་ཕབ་བྱེད་སྐབས་རི་ཉིལ་བ་དང་རྡོ་རུད་འཕྲད་པ་སོགས་ཡོད། དེ་དག་ནི་ཚ་བ་རོང་དུ་ལས་ཀ་བྱས་པའི་མི་ལོ་19ཡི་རིང་གི་བུ་ཆུང་གི་ལས་ཀའི་རྒྱུན་རྣམ་ཞིག་རེད།

    མི་ལོ་19ཡི་རིང་། བུ་ཆུང་གིས་ཆར་རླུང་བུ་ཡུག་ཁྲོད་ཚ་བ་རོང་གི་ས་ཆ་གང་སར་བསྐྱོད་ནས་ཡུལ་མི་རྣམས་ལ་སྨན་བཅོས་ཀྱི་ཕན་བདེ་བསྒྲུབས་པ་དང་། རྐང་ཐང་དུ་ལ་ལུང་བརྒལ་བ་དང་གངས་འཁྱགས་བརྟོལ་ནས་ནད་པའི་བདེ་སྡུག་བསམས་པར་བརྟེན། ཁོང་ཉིད་ལ་ཚ་བ་རོང་གི་མི་སེར་གྱིས་བདེ་ཐང་གི་སྲུང་མ་ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།

    བུ་ཆུང་གིས། “མ་གཞི་ད་ཆ་ཚ་བ་རོང་དུ་ལས་བགོ་བརྒྱབ་པའི་ན་གཞོན་རྣམས་ཀྱིས་ད་དུང་ས་ཆ་འདི་སྐྱོ་པོ་རེད་སྙམ་གྱི་ཡོད། ས་ཆ་གཞན་དང་བསྡུར་ནའང་དངོས་གནས་ཆ་རྐྱེན་སོགས་གང་ཅིའི་ཐད་ནས་སྐྱོ་པོའང་ཡོད་སྲིད། ཡིན་ནའང་ངས་སྐྱོ་པོ་ཡིན་པ་ཚོར་གྱི་མི་འདུག ང་རང་ཚ་བ་རོང་གི་ཡུལ་འདི་ལ་དགའ་ཞིང་ཟོལ་མེད་གཞུང་དྲང་གི་མི་སེར་ལ་དགའ། དེ་བས་ཀྱང་ང་ལས་ཀ་འདིར་དགའ་ཞེན་ཆེན་པོ་ཡོད། གང་ལགས་ཤེ་ན། ལས་ཀ་འདི་ངའི་མི་ཚེ་སྔར་བས་དོན་སྙིང་ལྡན་པར་གྱུར་སོང”ཞེས་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།