[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • གོས་དཀར་ལྷ་རྗེས་སྨན་བཅོས་བྱས། བསྔགས་བརྗོད་མེ་ཏོག་ཆུན་པོ་གཏོར།

    ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-09

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཨན་ཧུའེ་ཞིང་ཆེན་གྱི་ཁག་བཞི་པའི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་དང་མཉམ་དུ་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་སྐལ་བཟང་ལམ་དུ“ཏང་གི་བཀའ་དྲིན་དྲན་པ་དང་། དམངས་འཚོར་ཕན་འདོགས་པའི”བརྗོད་དོན་གཙོ་བོའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་དང་། བྱམས་སྙིང་རྗེར་བརྟེན་ནས་སྨན་དོན་མི་སྣས་ནད་བཅོས་སྲོག་སྐྱོབ་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་པར་གྲོང་མི་དང་མང་ཚོགས་མང་པོ་དེ་གར་སྨན་བཅོས་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

    འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀར་སྨན་ཁང་དེའི་རུས་ནད་ཚན་ཁག་དང་། བུ་བཙའི་ཚན་ཁག བྱིས་ནད་ཚན་ཁག དབང་པོ་ལྔའི་ཚན་ཁག་སོགས་ཚན་ཁག་17གྱི་སྨན་དོན་མི་སྣས་ངང་རྒྱུད་རིང་པོས་མང་ཚོགས་ལ་སྨན་བཅོས་བློ་འདྲི་དང་། བདེ་ཐང་བརྟག་དཔྱད། རིན་མི་དགོས་པར་སྨན་སྤྲོད་པ། བདེ་ཐང་གི་ཤེས་བྱ་འགྲེལ་བཤད་རྒྱག་པ་བཅས་བྱས་པ་རེད།

    ཟངས་རི་རྫོང་རོང་ཤང་ལོག་མོ་གྲོང་ཚོའི་ཟླ་བ་མཚོ་མོ་ཆེད་མངགས་རྩེད་ཐང་དུ་ནད་བསྟེན་པར་ཡོང་ཡོད། ཁོང་གིས“ཉིན་ཤས་གོང་ངས་སྐད་འཕྲིན་གྱི་ཐོག་ནས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་འོས་འགན་སྨན་བཅོས་དང་རིན་མི་དགོས་པར་སྨན་སྤྲོད་པ་དང་རིན་མི་དགོས་པར་ཨང་ཀི་བཀག་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་མཐོང་བྱུང་བས་གྲོང་ཚོ་གཅིག་པའི་མི་དང་མཉམ་དུ་ནད་བསྟེན་པ་དང་བརྟག་དཔྱད་བྱེད་པར་ཡོང་བ་ཡིན”ཞེས་བརྗོད།

    “ངའི་རྐང་པ་རྨས་ཡོད་པས་རྒྱུན་དུ་འགྲོ་སྐྱོད་བདེ་པོ་མི་འདུག ཉེ་ཆར་མིག་ན་ནས་གདངས་ཐུབ་ཀྱི་མི་འདུག ད་ཐེངས་ཆེད་མངགས་རུས་ནད་ཚན་ཁག་དང་མིག་ནད་ཚན་ཁག་ནས་རིན་མི་དགོས་པར་སྨན་མང་པོ་སྤྲད་བྱུང་བས། ནད་གཞི་དྲག་སྐྱེད་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཟླ་བ་མཚོ་མོས་བརྗོད།

    “སྐབས་ཤིག་རིང་ཆར་པ་མ་བབས་པས་གནམ་གཤིས་སྐམ་ཤས་ཆེན་པོ་ཡོད་རྐྱེན་གློ་བུར་དུ་ངའི་མགྲིན་པ་བདེ་པོ་མི་འདུག ད་ཐེངས་འོས་འགན་སྨན་བཅོས་ལ་ཞུགས་ཏེ་ཨང་ཀི་བཀག་མི་དགོས་པར་ནད་བསྟེན་པ་དང་སྨན་སྤྲད་བྱུང་བས། དངུལ་གྲོན་ཆུང་ཐུབ་ལ་དུས་ཚོད་ཀྱང་འཕྲོ་བརླག་ཕྱིན་མ་སོང”ཞེས་སྣེ་གདོང་ཆུས་སྐྱེད་པ་ཤང་རྡོ་རགས་གྲོང་ཚོའི་གྲོང་མི་བསོད་ནམས་ནོར་བུས་བརྗོད།

    “མི་དམངས་ལ་ཞབས་འདེགས་ཞུ་ཞེས་པ་ནི་འབོད་ཚིག་ཅིག་མིན་པ་དང་བདེ་ཐང་ནི་དམངས་འཚོའི་དགོས་མཁོ་རེད། ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་དོན་ནི་སྨན་ཁང་གིས་གང་ཐུབ་ཅི་ཐུབ་ཀྱིས་མང་ཚོགས་སྨན་པ་བསྟེན་པར་སྟབས་བདེ་བསྐྲུན་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་ཆེད་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཝུའུ་ཞའོ་ལིས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།