[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • “ཀྲུང་གོའི་ཆེས་མཛེས་པའི་སྨན་པས”དམངས་ཀྱི་བདེ་ཐང་ཆེད་དུ་ལེགས་སྐྱེལ་ཕུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-30

    b89fb549ba4931b6d64d7a35b875b898.jpeg

    འདི་ནི་ཚེ་རིང་པ་སྒྲོན་གྱིས་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་རྒན་གསོ་ཁང་དུ་ནད་པ་དང་སྐད་ཆ་ཤོད་པའི་གནས་ཚུལ་ཡིན་པ།

    བོད་མི་མང་ཆེ་བས་བོད་ཀྱི་ལོ་གསར་ནི་ཕ་མ་སྤུན་མཆེད་ལྷན་འཛོམས་བྱེད་པའི་དུས་ཚོད་ཅིག་ལ་ངོས་འཛིན་གྱི་ཡོད་མོད། འོན་ཏེ། ཚེ་རིང་པ་སྒྲོན་གྱིས་དུས་ཆེན་མང་ཆེ་བ་བེད་སྤྱད་ནས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་ནད་པར་སྨན་བཅོས་བྱེད་ཀྱི་ཡོད།

    ད་ལོ་ལོ་48ལ་སླེབས་པའི་བུད་མེད་དང་བུ་བཙའ་ཚན་ཁག་གི་ཀྲུའུ་རིན་ཚེ་རིང་པ་སྒྲོན་གྱིས“ངས་ལོ་གསར་ནི་ཕ་མ་སྤུན་མཆེད་ལྷན་འཛོམས་བྱེད་པའི་དུས་ཆེན་གལ་ཆེན་ཞིག་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་། ནད་པ་རྣམས་ཇི་ལྟར་བྱེད་དགོས་སམ”ཞེས་ཤོད་ཀྱི་ཡོད། སྔར་སོང་གི་ལོ་26རིང་། ཁོང་ནང་མི་དང་ལྷན་དུ་ལོ་གསར་ཐེངས་གཅིག་མ་གཏོགས་གཏོང་མྱོང་མེད་པ་རེད།

    ཚེ་རིང་པ་སྒྲོན་ནི་སྨན་པ་ཆེད་མཁས་པ་ཞིག་ཡིན་ཞིང་། བུད་མེད་དང་བུ་བཙའ་ཚན་ཁག་ཏུ་གཤགས་བཅོས་བྱེད་མཁན་ཞིག་ཡིན་པས། ཁོང་གིས་ཚེ་སྲོག་སྟོང་ཕྲག་མང་པོ་བསྐྱབས་ཡོད་ལ། ཁོང་གིས་བུད་མེད་ཚོར་ཕྲུ་གུ་སྨན་ཁང་དུ་སྐྱེ་བར་ཡོང་རྒྱུའི་འབོད་སྐུལ་ཡང་བྱེད་ཀྱི་ཡོད།

    བོད་ཀྱི་ས་ཆ་གཞན་དང་འདྲ་བར་མངའ་རིས་ས་ཁུལ་གྱི་བུད་མེད་ཚོས་སྔར་གྱི་སྲོལ་བཞིན་བུ་ཕྲུ་གུ་ནང་དུ་སྐྱེ་འདོད་བྱེད་པ་ལས་སྨན་ཁང་དུ་སྐྱེ་འདོད་བྱེད་ཀྱི་མེད། འོན་ཀྱང་། 2010ལོ་ནས་བཟུང་སྔོན་གྱི་བསམ་བློར་འགྱུར་ལྡོག་ཕྱིན་ཏེ་བུད་མེད་ཚོས་སྨན་ཁང་དུ་ཕྲུ་གུ་སྐྱེ་འདོད་བྱེད་ཀྱི་ཡོད། གང་ལགས་ཤེ་ན། སྨན་བཅོས་འགྲོ་སོང་ཚང་མ་རྩིས་ཞུ་བྱེད་ཆོག་པ་དང་སྦྲུམ་མར་ཁ་གསབ་དངུལ་སྤྲོད་ཀྱི་ཡོད་པས་རེད།

    ཚེ་རིང་པ་སྒྲོན་གྱིས“གྲོང་རྡལ་དང་ཤང་མི་དམངས་སྲིད་གཞུང་གིས་ཞིང་འབྲོག་པར་བདེ་ཐང་གི་སྲིད་ཇུས་གང་ལེགས་དྲིལ་བསྒྲགས་བྱས་པས་བུད་མེད་རྣམས་རིམ་བཞིན་སྨན་ཁང་དུ་ཡོང་འདོད་བྱེད་ཀྱི་ཡོད། ད་ཆ་ས་ཐག་རིང་བའི་མངའ་རིས་ལྟ་བུར་མཚོན་ན་སྨན་བཅོས་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།  སྨན་ཁང་དུ་ཕྲུ་གུ་སྐྱེས་ན་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་དམའ་རུ་གཏོང་ཐུབ་ལ། དུས་བཀག་ལྟར་སྨན་ཁང་དུ་བརྟག་དཔྱད་བྱས་པ་བརྒྱུད་མངལ་ཆགས་པའི་བརྒྱུད་རིམ་ཧྲིལ་པོའི་ནང་མ་བུའི་བདེ་འཇགས་ལ་འགན་སྲུང་ཐུབ་ཀྱི་ཡོད” ཅེས་བཤད།

    ཚེ་རིང་པ་སྒྲོན་གྱིས“ད་ཆ་མངའ་རིས་ས་ཁུལ་གྱི་ས་ཐག་ཧ་ཅང་རིང་བའི་མང་ཚོགས་མ་གཏོགས་བརྒྱ་ཆ་98ཡན་སྨན་ཁང་དུ་ཕྲུ་གུ་སྐྱེ་པ་ལས་ཁྱིམ་དུ་ཕྲུ་གུ་སྐྱེ་ཡི་མེད”ཅེས་བཤད།  

    2015ལོ་ནས་བཟུང་། སྨན་ཁང་དུ་སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་ཁ་ཤས་ཤི་བ་ཕུད་སྦྲུམ་མ་ཤི་མྱོང་མེད་པ་དང་། སྨན་པའི་ལས་ཀ་ནི་དཀའ་ཁག་ཤིན་ཏུ་ཆེ་ཡང་། ཚེ་རིང་པ་སྒྲོན་གྱིས་སྦྲུམ་མའི་ངོ་ལས་འཕྱུར་བའི་འཛུམ་མདངས་མཐོང་ཐེངས་རེ་རེ་དང་ཕྲུ་གུ་དམར་འབྱར་གྱི་ངུ་སྒྲ་ཐོས་ཐེངས་རེ་རེར་སེམས་ནང་དགའ་ཚོར་དཔག་མེད་སྐྱེས་ཀྱི་ཡོད་པ་རེད།

    ཚེ་རིང་པ་སྒྲོན་ཧྲན་ཏུང་འཕྲོད་བསྟེན་སློབ་གླིང་ནས་ཐོན་རྗེས། ཧྲང་ཧའེ་ཅང་ཏིང་ཁུལ་ལྟེ་བའི་སྨན་ཁང་དུ་ལོ་གཅིག་ཟབ་སྦྱོང་ལ་ཕྱིན་པ་དང་། ཕྱིས་སུ་ཡང་དགུ་ཤིའི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོར་ཟླ་བ་དགུ་གཟབ་སྦྱོང་བྱེད་པར་ཕྱིན།

    སྨན་ཁང་གཉིས་སུ་ཟབ་སྦྱོང་བྱས་པ་བརྒྱུད་ཁོང་ལ་བུད་མེད་དང་བུ་བཙའི་སྐོར་གྱི་འབྲེལ་ཡོད་ཤེས་བྱ་མང་པོ་ཤེས་ཡོད་པ་རེད།   གཏན་འབེབས་ལྟར་ན་ལོ་20ནས་25བར་ལས་ཀར་ཞུགས་ན་རྒས་ཡོན་བྱེད་ཆོག་གི་ཡོད། ཁོང་ལ་རྒས་ཡོན་བྱེད་ཆོག་པའི་ཆ་རྐྱེན་ཆ་ཚང་ཚང་ཡོད་ཀྱང་། ཁོང་ནི་ནད་པའི་བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཡིན་པས། རྒས་ཡོན་སྐོར་ལ་བསམ་བློ་གཏོང་གི་མེད།  ཁོང་གིས་མུ་མཐུད་ལས་ཀར་འབད་བརྩོན་ཆེན་པོ་བྱས་པས་ཁོང་ལ་སྲིད་གཞུང་རིམ་པ་ཁག་གིས་གནང་བའི་གཟི་བརྗིད་མཚན་སྙན་མང་པོ་རག་ཡོད་པ་རེད།

    2016ལོར། ཁོང་བོད་རང་སྐྱོང་ལྗོངས་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་དགུ་པའི་འཐུས་མིར་བདམས་པ་དང་། 2018ལོར། ཁོང་ལ་རྒྱལ་ཁབ་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་སྨྱན་སྦྱོར་ཚོགས་པས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་བྱེད་སྒོའི་ནང“ཀྲུང་གོའི་ཆེས་མཛེས་པའི་སྨན་པའི”མཚན་སྙན་ཐོབ་པ་རེད།

    ཁོང་གིས“གཟི་བརྗིད་མཚན་སྙན་དེ་ནི་མི་དམངས་ཀྱི་དོན་དུ་ལས་ཀ་བསྒྲུབས་ནས་ཐོབ་པའི་འབྲས་བུ་ཞིག་རེད། བྱ་དགའ་དེ་འདྲ་རག་པ་རང་ཉིད་ཀྱི་བསམ་ཡུལ་ལས་འདས་སོང་། རང་ཉིད་མུ་མཐུད་ལས་ཀར་འབད་བརྩོན་བྱས་ཏེ་ན་གཞོན་སྨན་པ་མང་ཙམ་བསྐྱངས་ནས་ནད་པར་སྨན་བཅོས་གང་དྲག་བྱ་རྒྱུ་དང་། ག་དུས་ཡིན་ཡང་རང་གི་ནུས་པས་ལེགས་སྐྱེས་གང་ཐུབ་འབུལ་རྒྱུ་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།