[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ས་བབ་སྨི་4000ཡན་གྱི“སྐོར་སྐྱོད་འཕྲོད་བསྟེན་ཁང”

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-12

    རི་བོ་ཧི་མ་ལ་ཡའི་ལྟེ་བར་གནས་པའི་ཆ་སྙོམས་ས་བབ་སྨི་4100ཡོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་དུ་ཡོན་ཀྲང་ཚེ་རིང་དོན་གྲུབ་ཀྱིས་ཤང་འཕྲོད་བསྟེན་ཁང་དུ་སྨན་རྫས་རྩིས་ཞིབ་ཕྲ་བརྒྱབ་སྟེ་སྒམ་ཆེན་པོ་4རླངས་འཁོར་ནང་དབོར་ནས་སྐོར་སྐྱོད་སྨན་བཅོས་ཀྱི་ལམ་དུ་བཞུད་འགོ་ཚུགས།

    རླངས་འཁོར་སྤྱི་ལེ་60ཙམ་ཡོད་པའི་རི་ལམ་ཀྱག་ཀྱོག་བརྒྱུད་རྗེས། རྦ་ཁ་གྲོང་ཚོའི་ཁ་རགས་ཚོགས་ཆུང་གི་ཨ་ཙི་འབྲོག་རར་འབྱོར། འདི་ནི་ས་བབ་སྨི་4000ལྷག་ཙམ་ཟིན་པའི་དགུན་དུས་ཀྱི་འབྲོག་ར་ཡིན་ཞིང་། དེ་གར་འབྲོག་པ་དུད་ཚང་19སྤོས་ཏེ་རེས་མོས་ངང་ཚོགས་ཆུང་གི་འབྲི་གཡག་མགོ་གྲངས་287འཚོ་གི་ཡོད་པ་རེད།

    ལྕི་རགས་མདུན་དུ་གདན་བཏིང་ནས་སྨན་རྫས་བཀྲམ་རྗེས་སྨན་པ་ཚོས་ནད་བརྟག་བྱེད་འགོ་ཚུགས། ཡུད་ཙམ་ཞིག་ལ་མང་ཚོགས་དེ་བས་མང་བས་ཁོང་ཚོའི་མཐའ་སྐོར།

    “སྐོར་སྐྱོད་འཕྲོད་བསྟེན་ཁང”ནི“ཁེར་ཆགས་གླིང་ཕྲན”དུ་ལས་བྱེད་པ་དང་མང་ཚོགས་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱབ་བརྟེན་བྱེད་པའི་ཚེ་སྲོག་གི་སྲུང་གདུགས་ལྟ་བུ་ཞིག་རེད། ནམ་རྒྱུན་ཚེ་རིང་དོན་གྲུབ་དང་བོད་ལུགས་གསོ་རིག་གི་སྨན་པ་སྐལ་བཟང་རྡོ་རྗེས་སྨན་གཡོག་འཁྲིད་དེ་གྲོང་སྡེ་དང་འབྲོག་ར་མི་འདྲ་བར་སྐྱོད་ཀྱི་ཡོད་པ་དང་གྲོད་པ་ལྟོགས་ཚེ་ཇ་འཐུང་སྤགས་བཟས་བྱས་རྗེས་མུ་མཐུད་གྲོང་ཚོ་དང་ཚོགས་ཆུང་གཞན་དུ་སྐྱོད་ཀྱི་ཡོད།

    བོད་ལུགས་གསོ་རིག་གི་སྨན་པ་སྐལ་བཟང་རྡོ་རྗེ་ཚོ་སྲིབ་གསུམ་དཀྱིལ་ཤང་དུ་ལས་ཀ་བསྒྱུར་ཏེ་ཟླ་དྲུག་ལས་མ་སོང་ཡང་ཤང་གི་གྲོང་ཚོ་གཉིས་དང་ཚོགས་ཆུང་བཞིའི་དུད་ཚང་131ཚང་མར་སྐྱོད་མྱོང་ཡོད། “ཚོགས་ཆུང་གང་དུ་སླེབས་ཀྱང་མང་ཚོགས་ཚོས་ང་ཚོར་བརྩི་འཇོག་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག”ཅེས་བཤད་ཅིང་། ཁོང་གིས“འདི་ལོ་ནི་གངས་ཆེན་འབབ་ནས་རི་རྒྱ་བསྡམས་རྗེས་ལས་གནས་བརྟན་སྲུང་བྱེད་ཐེངས་དང་པོ་ཡིན་ལ། ‘ཁེར་ཆགས་གླིང་ཕྲན’དུ་འཚོ་བ་དང་ལས་ཀའི་དཀའ་ཚེགས་མྱོང་ཐེངས་དང་པོའང་ཡིན། འོན་ཀྱང་མང་ཚོགས་ཀྱི་རེ་བས་ཁེངས་པའི་མིག་ཟུང་མཐོང་སྐབས་ཚང་མ་བྱེད་རིན་ལྡན་པ་ཞིག་ཡིན་པའི་སྣང་བ་ཡོང་གི་འདུག”ཅེས་བཤད།

    “ཤང་དུ་ཆ་རྐྱེན་དཀའ་ཚེགས་ཆེ་བས་སྐོར་སྐྱོར་སྨན་བཅོས་ཀྱི་ལམ་བུར་ཉེན་ཁ་ཆེན་པོ་ཡོད། འོན་ཀྱང་མང་ཚོགས་ནད་ལྟ་བར་སྟབས་བདེ་མེད་པས་ང་ཚོས་བརྟན་སྲུང་བྱེད་དགོས་ངེས་རེད། ད་ཆ་རི་གྲོང་དུ་འཚོ་བ་ལོ་དྲུག་ཙམ་བསྐྱལ་བས་གོམས་གཤིས་ཆགས་འདུག”ཅེས་ཚེ་རིང་དོན་གྲུབ་ཀྱིས་བཤད།

    ལོ་མང་རིང་སྔ་རྗེས་སུ་མི་6ཚོ་སྲིབ་གསུམ་དཀྱིལ་དུ་བསྐྱོད་ནས་མཐའ་མཚམས་ཀྱི་རྨང་གཞིའི་སྨན་བཅོས་བྱ་གཞག་ལ་རོགས་རམ་བྱས་ཡོད། ཁོང་ཚོས་སྨན་སྒམ་འཁུར་བ་དང་སྨན་རྫས་ཁྱེར་ནས་ཚོ་སྲིབ་གསུམ་དཀྱིལ་གྱི་ལམ་བུ་ཁག་དང་། གྲོང་ཚོ་ཁག འབྲོག་ར་ཁག་བཅས་སུ་བསྐྱོད་དེ“ཁེར་ཆགས་གླིང་ཕྲན”གྱི་མི་རྣམས་ལ་ཚེ་སྲོག་གི“ལྗང་མདོག་བགྲོད་ལམ”བཏོད་དང་གཏོད་མུས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།