[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • པེ་ཅིང་གི་མཚོ་སྐྱོར་སྨན་པ་ཕེ་ཀྲི་ཧྥེ།

    ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-11

    ལོ་42ལ་སོན་པའི་ཕེ་ཀྲི་ཧྥེ་ནི་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་མ་བུ་འཕྲོད་སྦྱོར་ཁང་མོ་ནད་བུ་བཙའི་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་ཡིན་ཞིང་། 2017ལོར། པེ་ཅིང་གི་ཁག་གཉིས་པའི་མཚོ་སྐྱོར་རིགས་གཅིག་མཁས་ཅན་ཡིན་པའི་ཕེ་ཀྲི་ཧྥེ་མཚོ་སྔོན་ཡུལ་ཤུལ་ཀྲོའུ་མི་དམངས་སྨན་ཁང་མོ་ནད་བུ་བཙའི་ཚན་ཁག་འཛུགས་སྐྱོང་གི་སྣེ་ཁྲིད་པར་གྱུར།

    དང་ཐོག་ཡུལ་ཤུལ་དུ་སླེབས་སྐབས། ས་མཐོ་མ་འཕྲོད་པའི་རྐྱེན་གྱིས་རོགས་སྐྱོར་ལས་བྱེད་པ་མི་ཉུང་བ་ཞིག་སྐྲ་བུད་པ་དང་། དབུགས་ཧལ་ནས་གཉིད་མི་ཁུག་ཅིང་། དེ་གར་འབྱོར་ནས་ཟླ་གཅིག་ཙམ་གྱི་རིང་། ཕེ་ཀྲི་ཧྥེ་ཤ་རྒྱ་མ་10སྐམ་པ་རེད།

    གཙང་གསུམ་ཆུ་འགོར་གནས་པའི་ཡུལ་ཤུལ་ཀྲོའུ་ཁོངས་གཏོགས་སུ་གྲོང་ཁྱེར་གཅིག་དང་རྫོང་ལྔ་ཡོད་ལ། རི་མཐོ་ཞིང་ལམ་ཐག་རིང་བ་དང་། འབྲོག་པ་ཁ་ཐོར་དུ་གནས་པ་མ་ཟད། ཁོང་ཚོའི་བདེ་སྲུང་གི་འདུ་ཤེས་བལྟོས་བཅས་ཀྱིས་ཅུང་རྗེས་ལུས་ཡིན་པས། སྔོན་ཆད་སྦྲུམ་མ་མང་པོ་ཞིག་ཉེན་ཁ་མ་འཕྲད་ཚེ་སྨན་ཁང་དུ་ཡོང་གི་མེད་པ་རེད།

    “དེར་བརྟེན། ང་ཚོ་ནི་སྦྲུམ་མའི་ཚེ་སྲོག་བདེ་འཇགས་ཀྱི་འགོག་སྲུང་བ་མཐའ་མ་དེར་གྱུར་ཡོད། ནང་ས་དང་མི་འདྲ་བ་ཞིག་ནི། ང་ཚོའི་སྨན་ཁང་དུ་ཡོང་མཁན་སྦྲུམ་མ་ཚོའི་ཁྲོད་ཀྱི་བཅུ་ཆ་གསུམ་ཡན་ནི་ནད་པ་ཚབས་ཆེན་ཡིན་པས། སྨན་དོན་མི་སྣའི་ཕྲག་ཏུ་འགན་འཁྲི་ལྕི་པོ་བབས་ཡོད”ཅེས་ཕེ་ཀྲི་ཧྥེ་ཡིས་བརྗོད།

    2007ལོར་ནད་ཁྲི་15ལས་མེད་པའི་སྨན་ཁང་དེ་2018ལོར་ནད་ཁྲི་64བར་འཕར་ནས་ན་ནིང་སྨན་ཁང་དུ་ཕྲུ་གུ་སྐྱེ་མཁན་2000ལྷག་ཙམ་ཟིན་པ་སུ་ཞིག་གི་ཡིད་ལ་འཁོར་སྲིད། ཕེ་ཀྲི་ཧྥེ་ཡི་སྣེ་ཁྲིད་འོག སྨན་ཁང་དེས་བུ་བཙའི་ཚན་ཁག་གི་ལག་རྩལ་གསར་པ་8དང་མོ་ནད་ཀྱི་རྣམ་གྲངས་གསར་པ་14གསར་སྤེལ་བྱས་པ་དང་། ད་ཆ་སྨན་ཁང་དེས་ད་དུང་ཡུལ་ཤུལ་ཀྲོའུ་མངལ་རྐེའི་ནད་གཞི་བརྟག་བཅོས་ལྟེ་གནས་ཀྱང་བཙུགས་ཤིང་། མོ་ནད་བུ་བཙའི་ཚན་ཁག་གི་སྨན་དོན་མི་སྣ་33ཟིན་པའི་ཁྲོད་བོད་རིགས་26ཡོད་པ་རེད།

    ས་མཐོར་ནམ་ཡང་གནས་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱེད་ཆེད། 2018ལོར་མཚོ་སྐྱོར་དུས་ཚད་ལོ་གཅིག་ཐིམ་ཡང་། ཕེ་ཀྲི་ཧྥེ་ཡིས་རང་འགུལ་ངང་ད་དུང་ལོ་གཅིག་སྡོད་རྒྱུའི་རེ་འདུན་ཞུས་པ་རེད།

    “ད་ཆ་ངའི་ཁ་ཚ་དགོས་གཏུག་གི་ལས་འགན་ནི་ཚན་ཁག་གི་སྨན་དོན་མི་སྣའི་བརྟག་དཔྱད་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། གེགས་རྗེས་བསྐྱར་སྐྲུན་བྱས་རྗེས། ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་ལ་ལོ་20ཡི་མཆོང་སྐྱོད་འཕེལ་རྒྱས་བྱུང་ནས། སྔོན་ཐོན་གྱི་བརྟག་དཔྱད་སྨན་བཅོས་སྒྲིག་ཆས་ཡོད་པས་ང་ཚོས་སོ་སོའི་འཇོན་ཐང་སྔ་ཙམ་ཆེ་རུ་གཏོང་དགོས”ཅེས་དང་། ཕེ་ཀྲི་ཧྥེས་བཙས་མ་ཐག་པའི་ཕྲུ་གུ་དམར་འབྱར་གྱི་དྲན་པ་གསོ་བ་སོགས་སྦྲུམ་མའི་ནད་གཞི་ཚབས་ཆེན་དང་རྒྱུན་མཐོང་མོ་ནད་རིགས་ད་ཆ་སྨན་ཁང་གཞན་དུ་བསྒྱུར་མི་དགོས་པར་ཡུལ་ཤུལ་རང་ནས་སྨན་བཅོས་བྱེད་ཐུབ། དེས་མ་ཟད་སི་ཁྲོན་སེར་ཤུལ་དང་བོད་ལྗོངས་ཆབ་མདོའི་ནད་པ་མང་པོ་ཡང་འདིར་སྨན་བཅོས་བྱེད་པར་ཡོང་གི་འདུག་ཅེས་བརྗོད།

    ཚོགས་པའི་འབད་འཐབ་འོག 2018ལོར་སྨན་ཁང་དེའི་སྦྲུམ་མ་ཤི་ཚད་0.126%ནས་0%བར་ཆག་པ་དང་། བཙས་མ་ཐག་པའི་ཕྲུ་གུ་དམར་འབྱར་དབུགས་འགག་ཚད་20.56%ནས་10.25%བར་ཆག་ཡོད། ཁོང་གིས་ལག་ལེན་དམར་ཁྲིད་བྱས་པ་བརྒྱུད། ས་གནས་དེ་གའི་སྨན་པ་པད་མ་ཆོས་མཚོ་སྨན་ཁང་དེའི་མོ་ནད་བུ་བཙའི་ཚན་ཁག་གི་རྐང་འཛིན་པར་གྱུར་པ་རེད།

    “ཁོང་གིས་པེ་ཅིང་ནས་བྱང་ཆུབ་པའི་ལག་རྩལ་མང་པོ་ས་མཐོའི་ཡུལ་ཤུལ་ལ་ཁྱེར་ཡོང་བས། ང་ཚོར་ཕན་པ་མང་པོ་ཐོབ་བྱུང་། སྨན་པ་ཕེ་ཀྲི་ཧྥེ་ལགས་ཀྱི་རང་དོན་རྒྱབ་སྐྱུར་གྱི་ལས་ཀའི་སྙིང་སྟོབས་ནི་ང་ཚོ་ཚང་མས་སློབ་སྦྱོང་བྱེད་འོས་པ་ཞིག་འདུག”ཅེས་པད་མ་ཆོས་མཚོས་བརྗོད།

    ཕེ་ཀྲི་ཧྥེ་ལ་གོམས་གཤིས་ཤིག་ཡོད་དེ། གཤགས་བཅོས་བྱེད་སྐབས། ཁོང་གིས་རྟག་ཏུ་ཨམ་ཕྲག་ནང་ཅོག་ལེ་ཞིག་གྲ་སྒྲིག་བྱས་ཡོད། ཐེངས་ཤིག་མཚན་གང་གཤགས་བཅོས་བྱས་མཐར་ཁོང་ཐང་ཆད་དེ་རང་སར་འགྱེལ་བ་དང་། དེ་ནས་སྨན་ཆུ་འགྱིག་སྦུག་གང་ཁ་ཕྱེ་ནས་བཏུང་བ་རེད། “མོ་ནད་བུ་བཙའི་ཚན་ཁག་ནི་ལག་རྩལ་དང་ལུས་སྟོབས་གཉིས་ཀ་མཁོ་བའི་ལས་ཀ་ཞིག་ཡིན་ལ། རེ་བ་ཅུང་ཙམ་ལས་མེད་ཀྱང་། ང་ཚོས་འབད་འཐབ་ལྡབ་བརྒྱ་བྱེད་དགོས”ཞེས་ཕེ་ཀྲི་ཧྥེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།