[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • རིགས་གཅིག་མཁས་ཅན་བྱེད་ལ་དགེ་རྒན་ཡང་བྱེད་མཁན་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས།

    ས་གནས་དེ་རང་དུ་སྨན་བཅོས་ཐུབ་པའི་ས་མཐོའི་བུ་ཕྲུག་གི་བསམ་འདུན་བསྒྲུབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-19

    “སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ནི་བོད་ཀྱི་མི་སེར་ཚོར་བདེ་ཐང་དང་བདེ་སྐྱིད་གཏོད་པའི་དམངས་འཚོའི་འདུ་འགོད་ཅིག་ཡིན་ལ་མི་སེམས་གཅིག་ཏུ་བསྒྲིལ་བའི་དམངས་འཚོའི་འདུ་འགོད་ཅིག་ཀྱང་རེད། ཙུང་ལི་སྐུ་ངོ་མ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་གཟིགས་ཞིབ་གནང་བར་ཕེབས་པ་ལས་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད”ཅེས་ཙུང་ལི་བོད་དུ་གཟིགས་ཞིབ་གནང་བ་དང་འབྲེལ་བོད་སྐྱོར་སྨན་དོན་མི་སྣར་གཟིགས་པར་ཕེབས་སྐབས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ནས་ལོ་གསུམ་འཁོར་བ་དང་ཏག་ཏག་འཁེལ་ཡོད། སྐབས་དེ་དུས་ཀྱི་གནས་ཚུལ་སྐོར་གླེང་སྐབས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་པ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོའན་ཀྲང་ཝུའུ་དབུན་མིང་ལ་ལྕག་སྐུལ་ཚད་མེད་ཐེབས་པ་མ་ཟད། འགན་འཁྲི་ལྕི་པོ་ཡོད་པའི་ཚོར་སྣང་ཞིག་ཀྱང་བྱུང་།

    རྩེ་རིམ་ཇུས་འགོད་ལས་ཐུགས་ཁུར་ཟབ་བཞེས་གནང་ལུགས་མངོན་པ།

    དམངས་ཡོངས་བདེ་ཐང་མ་བྱུང་ཚེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་ཐབས་བྲལ། བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཁས་ལེན་གཟབ་ནན་གནང་བ་ཞིག་རེད།

    ཀྲུང་དབྱང་གི་མཛུབ་སྟོན་དགོངས་དོན་གཞིར་བཟུང་། ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་པའི་རྨང་གཞིའི་ཐོག ཀྲུང་དབྱང་རྩ་འཛུགས་པུས་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་པ་དང་སྨན་བཅོས་འཕྲོད་བསྟེན་གྱི་བོད་སྐྱོར་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་པའི་རྨང་གཞིའི་ཐོག་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་རྒྱུའི་གསར་གཏོད་བསམ་ཕྱོགས་གལ་ཆེན་བཏོན་པ་མ་ཟད“རྩ་འཛུགས་པུའུ་ཀྲང་གི་འདུ་འགོད”དུ་བརྩིས་ནས་དམ་འཛིན་མཐར་ཕྱིན་པ་བྱེད་དགོས་ཞེས་ནན་བཤད་ཀྱང་བྱས་ཡོད།

    2015ལོའི་ཟླ་6པར་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། པེ་ཅིང་ཞེ་ཧོ་སྨན་ཁང་དང་། པེ་ཅིང་སློབ་ཆེན་གྱི་སྨན་ཁང་དང་པོ། པེ་ཅིང་སློབ་ཆེན་གྱི་མི་དམངས་སྨན་ཁང་། པེ་ཅིང་སློབ་ཆེན་གྱི་སྨན་ཁང་གསུམ་པས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་། པེ་ཅིང་དང་། ཧྲང་ཧའེ། ཨན་ཧུའེ། ཀོང་ཏུང་། ཁྲུང་ཆིང་། ལེའོ་ཉིང་། ཧྲའན་ཤིས་བཅས་ཞིང་ཆེན་དང་གྲོང་ཁྱེར་7སོ་སོས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས་བཅས་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པ་2015ལོའི་ཟླ་8པའི་ཟླ་དཀྱིལ་དུ་ཁག་དང་པོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་143“1+7”གྱི་སྨན་ཁང་སོ་སོར་ལས་དོན་སྤེལ་བར་བསྐྱོད་ཡོད།

    ཀྲུང་དབྱང་རྩ་འཛུགས་པུས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་བསྒྲུབས་ནས་རྩེ་རིམ་ཇུས་འགོད་དང་། འཆར་འགོད་བརྒྱུད་རིམ་ལྡན་པ། སྲིད་ཇུས་གཏན་འབེབས། སྒྲིག་འཛུགས་ལག་བསྟར་སོགས་ཀྱི་ལྷུ་ཚིགས་ཚང་མར་ཁ་ཕྱོགས་དང་སྤྱི་ཡོངས་ལ་སྟངས་འཛིན་བྱེད་པའི་ནུས་པ་གལ་ཆེན་ཐོག་མཐའ་བར་གསུམ་དུ་འདོན་སྤེལ་བྱས་ཡོད། ཀྲུང་དབྱང་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་བཞེས་བཞིན་པའི་ཁྲེན་ཤིས་ཀྱིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་གནང་སྟེ་ཁོང་སྐུ་ངོ་མས་བཀོད་འདོམས་དང་རང་ནུས་ཡོད་རྒུས་ལས་དོན་བསྒྲུབས་ཤིང་། ལོ་གསུམ་རིང་བོད་དུ་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་4གནང་བ་དང་། ཆེད་དོན་ཚོགས་འདུ་ཐེངས་8འཚོགས་ནས་ལས་དོན་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་བ། ཤེས་ལྡན་མི་སྣ་གསོ་སྦྱོང་དང་། གཙོ་གནད་ཚན་ཁག་འཛུགས་སྐྲུན། སྨན་ཁང་སྒྱུར་བཅོས། སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྱོང་སོགས་ཀྱི་ལས་འགན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་མ་ཟད། ད་དུང་ཕྱོགས་ཁག་དང་མཐུན་སྦྱོར་གྱིས་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ནས་སྨན་བཅོས་རིགས་གཅིག་མཁས་ཅན་རྩེ་གྲ་བོད་ལ་གདན་དྲངས་ཡོད།

    ལོ་མང་རོགས་སྐྱོར་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    2018ལོའི་ཟླ་3པར། ལོ་54ལ་སླེབས་པའི་སྐྱེས་པ་ཞིག་བྲང་ཁོག་སྡོམ་པ་དང་བྲང་ཁོག་ན་ནས་ལུས་པོའི་ཤུགས་ཀྱང་ཉིན་བཞིན་ཉམས་ནས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་བྲང་ནད་ཚན་ཁག་ཏུ་སྨན་བཅོས་བྱེད་པར་བསྐྱོད། བརྟག་དཔྱད་མང་དག་བྱས་པ་བརྒྱུད་སྨན་ཁང་གིས་ནད་པ་དེར་དོད་དྲག་རང་བཞིན་གྱི་སྙིང་རྩ་འགག་པའི་ནད་ཕོག་པའི་གཏན་འཁེལ་བྱས་པ་རེད།

    སྙིང་ནད་ཚན་ཁག་གི་བོད་སྐྱོར་རིགས་གཅིག་མཁས་ཅན་ལི་ཞན་ཁའེ་ཡིས་སྣེ་ཁྲིད་པ་དང་ཚན་ཁག་གཞན་གྱི་རིགས་གཅིག་མཁས་ཅན་གྱིས་མྱུར་སྐྱོབ་ཧུར་ཐག་བྱས་ཤིང་། གཤགས་བཅོས་ཆུ་ཚོད་3ཙམ་བྱས་ཏེ་ནད་པ་དེར་སྙིང་རྩའི་སྒྲོམ་བསླངས་ནས་གཞིས་རྩེ་གྲོང་ཁྱེར་དང་ཐ་ན་བོད་ཀྱི་ལག་རྩལ་དེའི་ཐད་ཀྱི་སྟོང་ཆ་བསྐངས་ཡོད།

    ལོ་གསུམ་རིང་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བར་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་ཆེད། ཧྲང་ཧའེ་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་སྣེ་འདྲེན་ཚན་པ་བྱས་ཏེ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི“ཧྲང་ཧའེ་ཡི་མ་དཔེ”ཞིག་བཏོད་པ་སྟེ། སློབ་ཁྲིད་དང་ནད་ཁང་བརྟག་དཔྱད་དང་། གཤགས་བཅོས་དམར་ཁྲིད། ཚན་ཁག་བཞུགས་མོལ་སོགས་རེད། “ཧྲང་ཧའེ་ཡི་མ་དཔེའི”སྣེ་ཁྲིད་འོག་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་51གིས་རང་ལྗོངས་ཀྱི་སྟོང་ཆ་བསྐངས་ཡོད།

    “ཧྲང་ཧའེ་ཡི་མ་དཔེ”གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་ནི་ལོ་གསུམ་རིང་པེ་ཅིང་དང་། ཨན་ཧུའེ། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་7གྱིས་སྨན་བཅོས་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བའི་བསྡུས་རིས་ཙམ་ཞིག་རེད།

    ཁྱིམ་གྱི་བྱ་བ་དང་། རྒྱལ་ཁབ་ཀྱི་བྱ་བ། གཉེན་ཉེ། བྱ་གཞག་བཅས་ཀྱི་མདུན་དུ་ལོ་གསུམ་རིང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་519ཡིས་ཕ་ཡུལ་དང་ཁ་བྲལ་ཏེ་གངས་ལྗོངས་ས་མཐོར་ཡོང་ནས་སྨན་བཅོས་བོད་སྐྱོར་ནང་ཞུགས་ཡོད། ལོ་གསུམ་རིང་ཁོང་ཚོའི་ཁྲོད་ཀྱི་ལ་ལས་གཤགས་བཅོས་ཀྱི་འཐབ་ས་དང་པོར་ནད་པར་ཁྲག་སྦྱིན་པ་དང་། ལ་ལས་ས་མཐོར་འབྱོར་མ་ཐག་ཛ་དྲག་གི་ལས་ལ་ཞུགས་པ། ལ་ལས་གཉེན་ཉེ་གྲོངས་རུང་སྔར་བཞིན་ལས་གནས་བརྟན་སྲུང་བྱས་པ། བཟའ་ཚོ་ལ་ལས་སྔ་རྗེས་སུ་བོད་སྐྱོར་ལས་དོན་ནང་ཧུར་ཐག་ཞུགས་པ་ལ་སོགས་རེད།

    གོང་འོག་སེམས་པ་གཅིག་མཐུན་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

    སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་བོད་ཀྱི་འཕེལ་རྒྱས་ལ་ལམ་ཚད་རྡོ་རིང་ཞིག་བཏོད་པ་མ་ཟད། ད་དུང་བོད་ཀྱི་སྨན་བཅོས་དང་འཕྲོད་བསྟེན་བྱ་གཞག་ལ་མགྱོགས་མྱུར་དང་། སྐྱོན་བྲལ། འཕེལ་རྒྱས་བཅས་ཀྱི་ལམ་གསར་པ་ཞིག་ཀྱང་བསྟན་ཡོད།

    ཏང་ཀྲུང་དབྱང་གི་ཚད་མཐོའི་ཐུགས་ཁུར་འོག རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དེ་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཁར། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་དང་། ལྗོངས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད། ལྗོངས་ཡོངས་ཀྱི་བློ་གྲོས་གཅིག་འདུས་བཅས་གང་ཐུབ་བྱས་ནས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགན་འཁུར་བློ་མཐུན་གཙོ་བོས་ཙུའུ་ཀྲང་གི་འགན་འཁུར་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ《སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོས་ནས་བཀྲམ་ཡོད།

    རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལས་དོན་དེ་ཉིད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ནུས་ལྡན་ཞིག་དང་ཆབ་སྲིད་ཀྱི་འདུ་འགོད་དང་། དམངས་འཚོའི་འདུ་འགོད། མི་རིགས་མཐུན་སྒྲིལ་གྱི་འདུ་འགོད་གལ་ཆེན་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྔ་རྗེས་སུ་ཐེངས་4གཙོ་སྐྱོང་གནང་སྟེ་ལས་དོན་སྙན་སེང་གསན་པ་དང་། མཛུབ་ཁྲིད་དང་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་བ། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་དང་འགན་ལེན་ནུས་ཤུགས་ཡོད་རྒུས་བྱས་ཏེ་ཕྱོགས་ཁག་གི་ལས་དོན་ཏན་ཏིག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

    ལོ་གསུམ་རིང་རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་ཀྱི་ཆེད་དོན་རྒྱབ་སྐྱོར་བསམ་འཆར་ཞིབ་འཇུག་བྱས་ནས་བཟོས་པ་དང་མ་རྩ་བརྟན་པོ་གཏོང་བའི་ལམ་སྲོལ་བཙུགས་པ་དང་ཆེད་དོན་རྒྱབ་སྐྱོར་བྱེད་ཐབས་ཁག་10བཏོན་ཡོད། “1+7”གྱི་སྨན་ཁང་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ནས་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་དང་། མ་རྩ་བརྟན་པོ་འཕར་བའི་ལམ་སྲོལ་བཙུགས་པ། ནོར་སྲིད་དང་རྣམ་གྲངས་སོགས་མ་དངུལ་སྒོར་དུང་ཕྱུར་26ལྷག་ཙམ་བསྡུ་སྒྲིལ་བྱས་ནས་སྨན་བཅོས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྣམ་པ་མང་པོས་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17དང་མཐུན་སྦྱོར་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་འཕྲོད་བསྟེན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་16.09གཏོང་རྒྱུའི་འཆར་གཞི་བཀོད་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་དམིགས་སུ་བཀར་ཏེ་གཟིགས་སྐྱོང་བྱས་ཡོད།

    ལོ་གསུམ་རིང་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་པོའི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། རྒྱ་ཆེའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ། ས་གནས་འདི་གའི་སྨན་དོན་མི་སྣ་བཅས་ཀྱི་ཐུན་མོང་འབད་བརྩོན་འོག རང་ལྗོངས་ཀྱི་སྨན་བཅོས་ཞབས་འདེགས་ནུས་པ་དང་དོ་དམ་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་སྟེ། བོད་ཀྱི་ཡུན་རིང་ཐག་གཅོད་བྱེད་དགོས་བསམ་རུང་ཐག་གཅོད་ཐུབ་མེད་པའི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་པ་དང་། བོད་ཀྱི་མི་རབས་མང་པོས་སྒྲུབ་དགོས་བསམ་ཡང་གྲུབ་མི་ཐུབ་པའི་བྱ་བ་མང་པོ་ཞིག་འགྲུབ་པ། མི་རིགས་ཁག་གི་མང་ཚོགས་ལ་ཁྱིམ་གྱི་སྒོ་རྩ་ནས་ནང་སའི་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ནས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོའི་སྨན་བཅོས་ཀྱི་ཕུགས་འདུན་འགྲུབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།