[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལམ་ཐག་རིང་པོར་མ་འཛེམས་པར་བོད་སྨན་བསྐྱལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་ཝུའེ་ཅན་གྱིས།    |    སྤེལ་དུས།   2018-09-04

    546412_yis_1535943555244_s.jpg

    ལོ་65ལ་སླེབས་པའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་གྲོང་མི་བསྟན་པ་ཡར་རྒྱས་ཀྱིས་ལམ་ཐག་རིང་པོར་མ་འཛེམས་པར་ནད་གཞིས་མལ་སར་ལུས་པའི་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཅང་ཆུས་ཀྱི་བོད་སྐྱོར་ལས་བྱེད་པ་སུན་གཡོད་ལེང་ལ་བོད་སྨན་སྐྱེལ་བ།

    ཟླ་བ་བརྒྱད་པའི་ཟླ་སྨད་དུ་ལོ་65ལ་སླེབས་པའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་གྲོང་མི་བསྟན་པ་ཡར་རྒྱས་ཀྱིས་ལམ་ཐག་རིང་པོར་མ་འཛེམས་པར་ནད་གཞིས་མལ་སར་ལུས་པའི་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཅང་ཆུས་ཀྱི་བོད་སྐྱོར་ལས་བྱེད་པ་སུན་གཡོད་ལེང་ལ་བོད་སྨན་བསྐྱལ་བ་རེད།

    སུན་གཡོད་ལེང་ནི་ཝུའུ་ཅང་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་བྱེད་པ་ཞིག་རེད། 2004ལོ་ནས་2007ལོ་བར་བོད་སྐྱོར་ལས་བྱེད་པ་བྱས་ནས་ལྷུན་གྲུབ་རྫོང་དུ་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས། དཀའ་ཐུབ་ཆེ་བའི་དབང་གིས་2015ལོར་ཁོང་ལ་ནད་གཞི་ཕོག་ནས་གཟུགས་པོ་སྐྱོ་རུ་སོང་བ་རེད། ལོ་གཉིས་ལྷག་ཙམ་གོང་ཁོང་གི་འཚོ་བ་རང་མགོ་མི་ཐོན་པར་གྱུར་པ་མ་ཟད། མི་དང་སྐད་ཆའང་ཤོད་མི་ཐུབ་པར་གྱུར། ཁོང་དེ་ལྟ་བུར་གྱུར་ཀྱང་སྔར་བཞིན་སྨྱུ་གུར་བརྟེན་ནས་བོད་རིགས་མི་དམངས་ལ་བཅངས་པའི་བརྩེ་སེམས་མཚོན་ཐབས་བྱེད་ཀྱི་ཡོད། ཁོང་གིས་སྔ་རྗེས་སུ《སྨྱུག་གྲོགས་ཀྱི་རྩོམ་ཐོར་བུ》དང་། 《བརྗེད་ཐབས་བྲལ་བ་སྨོས་ཅི་དགོས》《སྣང་མེད་དུ་ཕྱི་མིག་ལྟ་བ》བཅས་ལྷུག་རྩོམ་དེབ་3དཔེ་སྐྲུན་བྱས་པ་རེད།

    བགྲེས་སོང་བསྟན་པ་ཡར་རྒྱས་ནི་ལྷུན་གྲུབ་རྫོང་གི་གྲོང་མི་དཀྱུས་མ་ཞིག་ཡིན་པ་དང་བོད་སྐྱོར་ཧྲུའུ་ཅི་ཁ་ཤས་ལ་སྣེ་ཤན་པ་བྱེད་མྱོང་ཡོད། སུན་གཡོད་ལེང་ཝུའུ་ཅང་དུ་ལོག་རྗེས་བསྟན་པ་ཡར་རྒྱས་ཀྱིས་སྔར་བཞིན་ཁ་པར་ནས་སུན་གཡོད་ལེང་དང་འབྲེལ་བ་བྱེད་ཀྱི་ཡོད། ཕྱིས་སུ་ཁོང་གིས་སུན་གཡོད་ལེང་ལ་ནད་གཞི་ཕོག་པ་ཤེས་འཕྲལ་ཁ་པར་ཐེངས་ཁ་ཤས་བརྒྱབ་ཀྱང་འབྲེལ་བ་བྱེད་ཐུབ་མེད། འདི་ལོའི་ཟླ་བ་བརྒྱད་པར་བསྟན་པ་ཡར་རྒྱས་ཀྱིས་སུན་གཡོད་ལེང་ནད་ཀྱིས་མནར་ནས་འགྲོ་སྐྱོད་ཀྱང་བྱེད་ཐབས་བྲལ་བ་ཐོས་པ་རེད། དེར་བརྟེན་ཁོང་གིས་ཐག་རིང་ལ་མ་འཛེམས་པར་སྨན་སྐྱེལ་བར་སོང་བ་རེད།

    ནད་གཞི་ཕོག་སྟེ་མལ་ནས་ལང་ཐབས་བྲལ་བའི་སུན་གཡོད་ལེང་མཐོང་སྐབས་བསྟན་པ་ཡར་རྒྱས་སེམས་སྡུག་གིས་མནར་ནས་ཡུད་ཙམ་སྐད་ཆ་ཡང་ཤོད་མ་དོན་པར་སུན་གཡོད་ལེང་གི་ལག་ཟུང་དམ་པོར་འཇུ་རྒྱུ་ལས་མ་འདས། སྐབས་དེར་སྐྱེས་པ་གཉིས་ཕན་ཚུན་ལྟ་བཞིན་དུ་རང་དབང་མེད་པར་མིག་ཟུང་ལས་མཆི་མ་ལྷུངས། སུན་གཡོད་ལེང་སྐད་ཆ་ཤོད་མི་ཐུབ་སྟབས་ཡི་གེ་བྲིས་ནས་གོ་བརྡ་སྤྲོད་ཀྱི་ཡོད། ཁོང་གི་ཡི་གེ་རེ་རེ་ལས་སུན་གཡོད་ལེང་གི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་ཐུབ། “ཁ་ཁུ་སིམ་མཚན་གུང་དུ་བོད་དུ་བསྡད་པའི་ལོ་གསུམ་ལ་སྙིང་པོ་བྱུང་མིན་བསམ་བློ་གཏོང་སྐབས། སེམས་ནང་བློ་འགྱོད་སྤུ་ཙམ་ཡང་མི་འདུག གལ་སྲིད་གཟུགས་པོ་ཐང་པོ་ཡོད་ཚེ་ང་སྔར་བཞིན་བོད་ལ་སྐྱོད་ཀྱི་ཡིན”ཞེས་ཨ་ཀྱོག་པ་ཀྱོག་གི་རྒྱ་ཡིག་བྲིས་པ་མཐོང་རྗེས་བསྟན་པ་ཡར་རྒྱས་སླར་ཡང་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར།

    བསྟན་པ་ཡར་རྒྱས་ཀྱིས་སུན་གཡོད་ལེང་བོད་དུ་སྡོད་རིང་གི་སྐོར་བཤད། “སྐབས་དེ་དུས་ཁོང་གིས་ལྷུན་གྲུབ་དང་ལྷ་སའི་དབར་ཕུག་ལམ་སྐྲུན་ཆེད། རྐང་ཐང་མར་ས་བབ་མཐོ་ཚད་སྨི་6000ལྷག་ཙམ་ཟིན་པའི་ཁ་ལར་འཛེག་མྱོང་ཡོད”སུན་གཡོད་ལེང་ལྟ་བུའི་ལས་བྱེད་པ་བཀའ་དྲིན་ཆེན་པོ་རེད། ལྷུན་གྲུབ་ཏུ་སུའུ་ཀྲོའུ་ལམ་དང་ཐའེ་ཧུའུ་ལམ་ཡོད། ལམ་དེ་གཉིས་བོད་སྐྱོར་ལས་བྱེད་པ་རེ་རེས་འབད་བརྩོན་བྱས་ནས་བསྐྲུན་པ་ཞིག་རེད། ད་ཆ་ལམ་དེ་གཉིས་རྒྱ་ཆེ་ལ་ཁོད་སྙོམས་པ་ཞིག་ཡོད། “ཧྲུའུ་ཅི”སྔ་ཙམ་དྲག་སྐྱེད་བྱུང་ནས་བདེ་མ་ཐང་པོ་ཡོང་བའི་སྨོན་འདུན་ཞུ། ལྷུན་གྲུབ་རྫོང་གི་གྲོང་མི་མང་པོས་ཁྱེད་ལ་འཚམས་འདྲི་ཞུ་རོགས་རྗོད་ཀྱི་འདུག་ལ། ཚང་མས་ཁྱེད་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་ལམ་ཡང་འདེབས་ཀྱི་འདུག་ཅེས་བསྟན་པ་ཡར་རྒྱས་ཀྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།