[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ས་གནས་གསུམ་གྱིས་མཉམ་འབྲེལ་ཐོག་བོད་དུ་དབང་པོ་ཞལ་འདེབས་དང་ལེན་གྱི་གཤགས་བཅོས་ཐོག་མ་དེ་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-24

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་22ཉིན་གློག་འཕྲིན་འབྱོར་གསལ། དབང་པོ་ཞལ་འདེབས་དང་ལེན་གྱི་གཤགས་བཅོས་ཐོག་མ་དེ་ཚེས་22ཉིན་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལེགས་གྲུབ་བྱུང་ཞིང་། འདི་ནི་བོད་དུ་དབང་པོ་ཞལ་འདེབས་རྒྱག་ཐེངས་ཐོག་མ་ཡིན་པ་དང་། དེ་ཐོག་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་ཡོད་དོ་ཅོག་གིས་དབང་པོ་ཞལ་འདེབས་རྒྱག་པའི་ལས་དོན་སྤེལ་བ་མཚོན་ཡོད། དེ་རྗེས་དབང་པོ་བརྗེ་བའི་གཤགས་བཅོས་ཨན་ཧུའེ་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་སོ་སོར་སྤེལ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དབང་པོ་ཞལ་འདེབས་རྒྱག་མཁན་ལི་ཧུང་ཡན་ནི་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་ནས་ཡིན་པ་དང་བོད་ཀྱི་ལམ་ཟམ་བཟོ་པ་ཞིག་ཡིན་ཞིང་། ཟླ་8ཚེས་13ཉིན་གློ་བུར་དུ་ཀླད་ཁྲག་འདྲེས་ནས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་བ་དང་དེ་རྗེས་ICUདུ་བསྐྱལ་ནས་སྨན་བཅོས་བྱས་ཀྱང་ནད་གཞི་དྲག་སྐྱེད་བྱུང་མེད་ལ། སྨན་ཁང་གི་བརྟག་དཔྱད་འབྲས་བུར་གཞིགས་ན་སྐྱོབ་ཐུབ་པའི་རེ་བ་ཧ་ལམ་མེད་པ་རེད།

    ལི་ཧུང་ཡན་གྱི་ནང་མིས་དེ་རྗེས་རང་འགུལ་ངང་དབང་པོ་ཞལ་འདེབས་རྒྱག་རྒྱུའི་བསམ་འདུན་བཤད། བོད་རང་སྐྱོང་ལྗོངས་ལ་མཚོན་ན་མིག་སྔར་དབང་པོ་དང་ལེན་བྱེད་མཁན་རྩ་འཛུགས(opo)བཙུགས་མེད་པར་བརྟེན། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རོགས་སྐྱོར་ཚན་པ་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོར་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་རོགས་ཞུས། ཨན་ཧུའེ་ཞིང་ཆེན་གྱི་མིའི་ལུས་པོའི་དབང་པོ་ཞལ་འདེབས་གཞུང་ལས་ཁང་གིས་ཞལ་འདེབས་རོགས་སྐྱོར་ལས་དོན་སྤེལ་བ་དང་ཀྲུང་གོ་མིའི་ལུས་པོའི་དབང་པོ་ཞལ་འདེབས་དོ་དམ་ལྟེ་གནས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཨན་ཧུའེ་ཞིང་ཆེན་གྱིས་བོད་དུ་རིགས་གཅིག་མཁས་ཅན་གྱི་ལས་དོན་ཚོགས་ཆུང་བཏང་བ་དང་ནད་པར་ཀླད་ཁྲག་འདྲེས་པའི་ནད་ལྕི་པོ་ཕོག་པས་བཅོས་ཐབས་མེད་པ་གཏན་འཁེལ་རྗེས། ཚེས་21ཉིན་ནད་པའི་ནང་མིས《ཀྲུང་གོ་མིའི་ལུས་པོའི་དབང་པོ་ཞལ་འདེབས་ཀྱི་ཐོ་འགོད་རེའུ་མིག》ལ་མིང་རྟགས་བཀོད་པ་རེད།

    ཚེས་22ཉིན་གྱི་སྔ་དྲོ་ཨན་ཧུའེ་ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པའི་མིའི་ལུས་པོའི་དབང་པོ་ཞལ་འདེབས་མཐུན་སྦྱོར་བ་དང་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་ཐུན་མོང་དཔང་རྟགས་འོག་ཨན་ཧུའེ་དང་ཡུན་ནན་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་གྱིས་དབང་པོ་ལེན་པའི་གཤགས་བཅོས་བྱས་པ་རེད།

    ཀྲུང་གོ་མིའི་ལུས་པོའི་དབང་པོ་ཞལ་འདེབས་བགོ་བཤའ་དང་མཉམ་སྤྱོད་མ་ལག(CORTS)གིས་བགོ་བཤའ་བརྒྱབ་པ་བརྒྱུད། ལི་ཧུང་ཡན་གྱིས་ཞལ་འདེབས་བརྒྱབ་པའི་དབང་པོ་མཁའ་ལམ་བརྒྱུད་ཁུན་མིང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་དང་པོ་དང་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་སོ་སོར་དབོར་ནས་ནད་པ་5ལ་དབང་པོ་ཞལ་འདེབས་རྒྱག་རྒྱུ་རེད།

    543239_yis_1534997685292.jpg

    འདི་ནི་ཟླ་8ཚེས་22ཉིན་དབང་པོ་ཞལ་འདེབས་དང་ལེན་གྱི་གཤགས་བཅོས་བྱས་རྗེས་ལས་དོན་མི་སྣས་དབང་པོ་བླུགས་པའི་སྒམ་ཁྱེར་ཏེ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ནས་ཐོན་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།