[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱིས་བོད་ཀྱི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་གསབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-31

     ལོ་གཉིས་ཀྱི་གོང་དུ་ལྷ་ས་གྲོང་ཁྱེར་དུ་ནད་གཞི་ལྕི་པོ་ཕོག་པའི་ནད་པ་ཁག་གཅིག་ནད་ལྟ་དགོས་ན་རང་སྐྱོང་ལྗོངས་ཀྱི་དཔུང་སྡེའི་སྨན་ཁང་ངམ་ཡང་ན་ལྗོངས་ཕྱིར་ནད་ལྟ་བར་མི་སྐྱོད་ཀ་མེད་དུ་གྱུར་གྱི་ཡོད། ད་ཆ་ནད་པ་དེ་དག་ས་གནས་ས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པ་དང“ནད་ཚབས་ཆེན་ལྟ་བའི”དམིགས་ཚད་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཐོག་མར་མངོན་འགྱུར་རགས་ཙམ་ཐུབ་པ་བྱུང་ཡོད། ཉིན་ཤས་གོང་སྨན་ཁང་དེ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དུ་གྱུར་ཡོད།

    དུས་ཐུང་ནང་གངས་ལྗོངས་ས་མཐོའི་སྨན་བཅོས་རྣམ་པར་དེ་ལྟ་བུའི་འགྱུར་ལྡོག་བྱུང་དོན་སྐོར་ལ། ཉིན་ཤས་གོང་གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བཅར་འདྲི་བྱས་པ་ཡིན།

    ལོ་47ལ་སླེབས་པའི་བསོད་ཆེན་མཚོ་མོར་གཅིན་དུག་ནད་ཕོག་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་གཟའ་འཁོར་རེར་བཙག་བཅོས་ཐེངས་གསུམ་བྱེད་དགོས་ཀྱི་ཡོད། ཁོང་གི་བུ་བློ་བཟང་གིས་གསར་འགོད་པར་ད་ཆ་ཨ་མ་རྐང་ཐང་མར་སྨན་ཁང་དུ་སྐྱོད་ཆོག་པ་དང་དེ་སྔ་རླངས་འཁོར་ལ་བསྡད་ནས་སྨན་ཁང་དུ་བསྐྱོད་སྐབས་ཆམ་པ་ཕོག་ཡོང་བསམ་པའི་སེམས་ཁྲལ་འདུག ནད་དེ་རིགས་ཕོག་མཁན་གྱི་གཟུགས་པོ་སྐྱོ་བས་ཆམ་པ་ཕོག་རྒྱུར་སྐྲག་གི་ཡོད། དེ་གོང་ཨ་མར་ཆམ་ནད་ཕོག་ནས་ནད་གཞི་སྡུག་ཏུ་ཕྱིན་ཏེ་སྨན་ཁང་དུ་སྡོད་དགོས་བྱུང་ཞེས་བཤད་བྱུང་།

    གྲོང་ཁྱེར་ནས་ཐོན་མི་དགོས་པར་ནད་དེ་རིགས་བཅོས་ཐུབ་པ་བྱུང་བ་དེ་ནི་པེ་ཅིང་གིས་རོགས་རམ་བྱས་ནས་བསྐྲུན་པའི་ཟུངས་ཁྲག་སིམ་དབྱེ་ཁང་ནས་ཐོབ་པའི་ཕན་པ་ཞིག་རེད། དེ་ནི་རང་སྐྱོང་ལྗོངས་ཀྱི་ངོས་ནས་བརྗོད་ན་ཟུངས་ཁྲག་སིམ་དབྱེ་ཁང་ཡག་ཤོས་དེ་ཡིན་ལ། གཞི་ཁྱོན་ཆེ་བ་དང་སྒྲིག་ཆས་སྔོན་ཐོན་ཡོད་པ་རེད།

    ཟུངས་ཁྲག་སིམ་དབྱེ་ཁང་དེ་ཕུད་ད་དུང་ལོ་གཉིས་ཀྱི་གོང་དང་བསྡུར་ན་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ད་དུང་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་མང་པོ་ཞིག་གསབ་ནས་བཅོས་མི་ཐུབ་པའི་ནད་མང་པོ་ཞིག་ད་ཆ་བཅོས་ཐུབ་ཀྱི་ཡོད་པ་རེད།

    མིག་སྔར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཕྱི་བཅོས་དང་བུད་མེད་དང་ཕྲུ་གུའི་ཚན་ཁག་སོགས་ཚན་ཁག་21ཡོད་པ་དང་སྨན་དང་བརྟག་དཔྱད་ཁང་སོགས་སྨན་རྩལ་ཁོའོ་ཧྲེ་7ཡོད་པ་རེད།

    འདི་ལོའི་ཟླ་8ཚེས་2ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཀ་པ་རིམ་པའི་སྨན་ཁང་གི་ཞིབ་དཔྱད་བདེ་བླག་བྱུང་ཞིང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཆོས་དར་གྱིས“དེ་ནི་པེ་ཅིང་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་པ་དང་ང་ཚོའི་སྨན་ཁང་གི་སྨན་དོན་མི་སྣས་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་རེད། ལོ་གཉིས་ནང་པེ་ཅིང་གི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་མི་ཐེངས་48ང་ཚོའི་སྨན་ཁང་དུ་སླེབས་ཡོད”ཅེས་བརྗོད་བྱུང་།

    2015ལོའི་ཟླ་8པར་པེ་ཅིང་གྲོང་ཁྱེར་གྱི་ཁོངས་གཏོགས་སྨན་ཁང་ཆེ་གྲས་ནས་བདམས་པའི་སྨན་པ་15ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་འབྱོར་བ་དང་། ཁོང་ཚོ་ནི་པེ་ཅིང་གི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་སྨན་པ་ཁག་དང་པོ་དེ་ཡིན། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི་བོད་སྐྱོར”ནི་ཀྲུང་དབྱང་རྩ་འཛུགས་པུས་སྲོལ་གཏོད་དང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་པའི་བོད་སྐྱོར་གྱི་བྱེད་ཐབས་གསར་པ་ཞིག་རེད།

    པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྥང་ལའེ་དབྱིན་གྱིས“དེ་ནི་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་གཏན་འཁེལ་བྱས་པའི་རོགས་རམ་གྱི་དམིགས་ཚད་དང་པོ་དེ་ཡིན་པ་དང་ས་གནས་ཀྱི་སྨན་བཅོས་ཕྱོགས་བསྡུས་ནུས་པ་ཆེ་རུ་བཏང་སྟེ་གཞན་བརྟེན་གྱི་རྣམ་པ་ནས་རང་བརྟེན་གྱི་རྣམ་པར་གྱུར་བར་བྱས་ཡོད”ཅེས་བཤད་བྱུང་། པེ་ཅིང་དང་ལྷ་ས་གྲོས་མོལ་བྱས་པ་བརྒྱུད་ལོ་གཉིས་ཀྱི་དུས་ཚོད་ནང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དུ་འགྱུར་རྒྱུའི་བློ་ཐག་བཅད།

    སྔོན་ཐོན་གྱི་སྒྲིག་ཆས་སྤྱད་པ་དང་། རིག་ཚན་འཐུས་སྒོ་ཚང་བ། དོ་དམ་སྐས་རིམ་གསར་པར་སླེབས་ཐུབ་པ་བཅས་བྱས་ཤིང་། ལོ་གཉིས་ལྷག་ཙམ་རིང་པེ་ཅིང་གི་རིགས་གཅིག་མཁས་ཅན་ཚོས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་ཚོ་དང་མཉམ་དུ་སྨན་ཁང་གི་སྲིད་འཛིན་དང་། སྨན་བཅོས། ནད་སྐྱོང་། འཕྲལ་སྡོམ་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་330ཙམ་བཟོས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།