[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • ཀྲུང་གོའི་ཚན་རིག་རྟོག་ཞིབ་ཀྱིས་སའི་གོ་ལའི་རྩེ་མོར་འཚོལ་ཞིབ་ལས་དོན་སྤེལ་བ།

    མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་རུ་དཔོན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-15

    ལོ་5རྒྱུན་མཐུད་པའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པས་འདི་ལོ“རི་རྩེའི་ལས་འགན་2022”ཇོ་མོ་གླང་མའི་ས་བབ་ཤིན་ཏུ་མཐོ་བའི་ཁུལ་དུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་འགོ་ཚུགས་ཡོད། ཚེས་4ཉིན་ཚན་རིག་རྟོག་ཞིབ་རུ་མི་བཅུ་ལྷག་ཙམ་ཇོ་མོ་གླང་མའི་རྩེ་མོར་འཛེགས་པ་རེད།

    རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོ་དང་ཇོ་མོ་གླང་མའི་སྲུང་སྐྱོང་དང་ཞིབ་འཇུག་ལ་མཐོང་ཆེན་པོ་དེ་འདྲ་བྱེད་དགོས་དོན་གང་ཡིན་ནམ། ཇོ་མོ་གླང་མར་འཛེག་མཁན་ཚན་རིག་རྟོག་ཞིབ་རུ་མིས་འགན་འཁྲི་གང་དག་འཁུར་ཡོད་དམ། འབྲེལ་ཡོད་ཞིབ་འཇུག་གིས་འཛམ་གླིང་གི་ཟིན་ཐོ་གང་དག་གཏོད་རྒྱུ་ཡིན་ནམ།

    དོགས་གཞི་དེ་དག་སེལ་བའི་ཆེད་དུ་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་རུ་དཔོན་དང་། ས་གནས་ས་ཐོག་གི་སྤྱི་ཁྱབ་བཀོད་འདོམས་པ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་བཅས་ཡིན་པའི་ཡའོ་ཐན་ཏུང་ལ་ཆེད་དོན་བཅར་འདྲི་ཞུས་པ་རེད།

    “འཛམ་གླིང་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ཡག་པོ་བྱེད་དགོས”

    གསར་འགོད་པ། ཏང་དང་རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ཡོད་ཚན་རིག་ཞིབ་འཇུག་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། 2017ལོར་མཚོ་བོད་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་བྱེད་འགོ་ཚུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཐུགས་རེ་ཟབ་མོ་བཅོལ་ཡོད། ཁྱེད་ཀྱིས་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ཁྲོད་ཀྱི་གནས་བབ་གལ་ཆེན་དང་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཕྲག་ཐོག་གི་ལས་འགན་གལ་ཆེན་ལ་ལྟ་སྟངས་ཇི་འདྲ་འཛིན་གྱི་ཡོད་དམ།

    ཡའོ་ཐན་ཏུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་པ་ལྟར་མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག སའི་གོ་ལའི་གླིང་སྣེ་གསུམ་པ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན། འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་བཅས་རེད། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཞིབ་འཇུག་སྤེལ་ནས་མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་གསལ་སྟོན་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མ་ལག་ལེགས་སུ་བཏང་སྟེ་མཚོ་བོད་ས་མཐོ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཅས་གཏོང་བར་ཧ་ཅང་གལ་འགངས་ཆེ་བའི་ཤུགས་རྐྱེན་ཐེབས་རྒྱུ་རེད།

    དོན་དངོས་ཐོག་དུས་རབས་20པའི་ལོ་རབས་50པ་ནས་བཟུང་། ཀྲུང་གོ་གསར་པས་མཚོ་བོད་ས་མཐོར་ཚན་རིག་ཞིབ་འཇུག་བྱེད་འགོ་ཚུགས་ཡོད། དུས་རབས་20པའི་ལོ་རབས་70པའི་དུས་འགོར་རང་རེའི་རྒྱལ་ཁབ་དཀའ་ཚེགས་ཧ་ཅང་ཆེན་བའི་སྐབས་སུ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་དང་པོ་བྱས་ཡོད། 2003ལོའི་ཟླ་12པར་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་བཙུགས་ནས་ཆེད་མངགས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་ཞིབ་འཇུག་ལས་དོན་སྤེལ་ཡོད།

    རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་ལས་འགན་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་ཆུ་དང་། སྐྱེ་ཁམས། མིའི་རིགས་ཀྱི་བྱེད་སྒོ་བཅས་ལ་དམིགས་ནས་མཚོ་བོད་ས་མཐོའི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཐད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་ཡག་པོ་སྐྲུན་ཆེད་ལེགས་སྐྱེས་གསར་པ་ཕུལ་ནས་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་ཆེད་རེད།

    མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་རིང་ཐེངས་དང་པོར་གཙོ་བོ“གདིང་གཞི་མཐིལ་རྟོགས”དང་ཐེངས་གཉིས་པར“འགྱུར་ལྡོག་ལ་ལྟ་རྒྱུ”དེ་རེད། ང་ཚོས་ཚན་ཞིབ་གལ་ཆེན་ལ་ཚད་བརྒལ་ཡོང་གང་ཐུབ་བྱས་ནས་མཚོ་བོད་ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆེད་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་རྒྱུ་རེད།

    “ཆེད་ལས་ཚན་རིག་རྟོག་ཞིབ་རུ་མིས་ཇོ་མོ་གླང་མའི་རྩེ་མོར་ཐེངས་དང་པོར་འཛེགས་ནས་མ་དཔེ་ལེན་ཐུབ་རེ་ཡོད”

    གསར་འགོད་པ། འདི་ལོའི་ཚན་རིག་རྟོག་ཞིབ་ལས་འགན་གྱི་དམིགས་ཡུལ་ཇོ་མོ་གླང་མར་གཏན་འཁེལ་བྱེད་དོན་གང་ཡིན་ནམ། ཞིབ་འཇུག་བྱ་གཞི་གང་དག་ལ་དམིགས་ནས་རྟོག་ཞིབ་དང་ཞིབ་འཇུག་བྱ་རྒྱུ་ཡིན་ནམ།

    ཡའོ་ཐན་ཏུང་། ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ནི་དོན་དངོས་ཐོག་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ནང་དོན་གལ་ཆེན་ཞིག་ཡིན་པས་ང་ཚོས་ལོ་མང་གྲ་སྒྲིག་བྱས་ཡོད། ཇོ་མོ་གླང་མ་ནི་མཚོ་བོད་ས་མཐོའི་མཚོན་རྟགས་རེད། ཚན་རིག་གི་ངོས་ནས་བརྗོད་ན། མཚོ་བོད་ས་མཐོའི་གནམ་གཤིས་དང་ཁོར་ཡུག་གི་འགྱུར་ལྡོག་ནི་འཛམ་གླིང་གི་ས་ཁུལ་གཞན་དག་གི་ངོས་ནས་བརྗོད་ན་གལ་འགངས་ཆེ་བ་ཞིག་རེད།

    གཅིག མཚོ་བོད་ས་མཐོ་ནི་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ཡིན། འཛམ་གླིང་ཐོག་གི་ཆུ་བོ་གཙོ་བོ་མང་པོ་ཞིག་གི་ཆུ་འགོ་དེ་ནས་ཡིན་པ་དང་། མིའི་རིགས་ལ་ཕན་བདེ་སྐྲུན་བཞིན་ཡོད།

    གཉིས། སྐྱེ་ཁམས་ཀྱི་ཟུར་ཚད་ཐོག་ནས་བལྟས་ན། ཇོ་མོ་གླང་མ་ནས་ལྷོ་ཕྱོགས་སུ་བསྐྱོད་ཚེ། ཆུ་བོ་གང་གཱའི་རྒྱུད་ཀྱི་ཐང་གཤོངས་ཡིན་ཞིང་གནས་དེའི་མཐོ་ཚད་སྨི་ཀླད་ཀོར་ཙམ་ཡིན། དེ་ཡང་གསལ་པོར་བཤད་ན། དྲང་ཐིག་གི་བར་ཐག་ལ་སྤྱི་ལེ་ཉིས་བརྒྱ་སུམ་བརྒྱ་ཙམ་ལས་མེད་པ་དང་། ས་བབ་ཀྱི་ཁྱད་པར་སྨི་བརྒྱད་སྟོང་ལས་བརྒལ་ཡོད། དེ་གའི་སྲོག་ཆགས་དང་རྩི་ཤིང་ཁྱབ་ཚུལ་དང་སྐྱེ་ཁམས་མ་ལག་གི་འགྱུར་ལྡོག་དེ་སའི་གོ་ལ་ཆུང་ངུ་ཞིག་གི་མཛེས་ལྗོངས་དང་གཅིག་མཚུངས་ཡིན་པ་དང་དེ་ཡང་ཇོ་མོ་གླང་མའི་ཡིད་དབང་འཕྲོག་ཤུགས་ཆེ་ཤོས་ཀྱི་གྲས་ཤིག་རེད།

    གསུམ། གནམ་གཤིས་ཀྱི་ཟུར་ཚད་ཐོག་ནས་བལྟས་ན། མཚོ་བོད་ས་མཐོ་ནི་དུས་རླུང་དང་ནུབ་རླུང་གི་སྙོམས་སྒྲིག་ཡོ་ཆས་ཆེན་པོ་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

    ང་ཚོས་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་5སྒྲིག་འཛུགས་བྱས་པ་དང་དེའི་འོག་ཏུ་ཚན་རིག་རྟོག་ཞིབ་ཚོགས་ཆུང་16བཙུགས་ཡོད་ལ། ཚན་རིག་རྟོག་ཞིབ་རུ་མི་270ཙམ་ཡོད། དེ་ནི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་2017ལོར་འགོ་བཙུགས་ཚུན་རིག་ཚན་ཁྱབ་རྒྱ་ཆེ་ཤོས་དང་ཚན་རིག་རྟོག་ཞིབ་ལ་ཞུགས་མཁན་མང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་ཅིག་རེད།

    ད་ཐེངས་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་གལ་ཆེན་ཞིག་ནི་ས་བབ་མཐོ་ཚད་སྨི་5200ནས་སྨི་8800བར་དུ་གནམ་གཤིས་ས་ཚིགས་8བསྐྲུན་རྒྱུ་ཡིན་ཞིང་། ས་ཚིགས་4ཡི་ས་བབ་མཐོ་ཚད་སྨི་7000ཡན་ཟིན་གྱི་ཡོད། སྨི་8800ཡི་སར་གནམ་གཤིས་ས་ཚིགས་འཛུགས་ཐུབ་ཚེ་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་རང་འགུལ་གནམ་གཤིས་ས་ཚིགས་སུ་འགྱུར་རྒྱུ་རེད།

    གསར་འགོད་པ། ལོ་མང་རིང་ཇོ་མོ་གླང་མར་དམིགས་པའི་ཚན་རིག་རྟོག་ཞིབ་དང་རི་འཛེག་རྦད་དེ་ཟུང་འབྲེལ་དམ་ཟབ་བྱས་ཡོད། ང་ཚོས་ཤེས་གསལ་ལ། ད་ཐེངས་རི་འཛེག་ལུས་རྩལ་པ་ཁག་གཅིག་ཆེད་མངགས་གསོ་སྦྱོང་བྱས་ཏེ་རི་འཛེག་ཚན་རིག་རྟོག་ཞིབ་ལས་འགན་སྒྲུབ་བཞིན་ཡོད་པ་རེད། རྒྱ་ཆེའི་མང་ཚོགས་ཚོས་དེའི་ཐད་ཀྱི་གནས་ཚུལ་ཤེས་འདོད་ཆེན་པོ་བྱེད་ཀྱི་འདུག

    ཡའོ་ཐན་ཏུང་། དུས་རབས་20པའི་ལོ་རབས་ལྔ་བཅུ་དྲུག་ཅུའི་ནང་ཇོ་མོ་གླང་མར་འཛེག་རྒྱུ་ནི་དོན་ཆེན་ཞིག་རེད། སྐབས་དེ་དུས་རི་འཛེག་ཚན་རིག་རྟོག་ཞིབ་ཅེས་བརྗོད་ཀྱི་ཡོད། རི་རྩེར་འཛེག་རྒྱུ་ནི་དམིགས་ཚད་དང་པོ་ཡིན་པ་དང་། ཚན་རིག་རྟོག་ཞིབ་ནི་ཞོར་ལས་ཡིན་པས། ཇི་ཙམ་སྒྲུབ་ཐུབ་ན་དེ་ཙམ་སྒྲུབ་ཀྱི་ཡོད། ཕྱིས་སུ་ཚན་རིག་པ་རྣམས་ཀྱིས་རང་ཚུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ས་ཁུལ་དེར་ཚན་རིག་རྟོག་ཞིབ་སྣ་ཚོགས་རི་འཛེག་དང་མཉམ་དུ་སྤེལ་ཡོད། འོན་ཀྱང་ཇོ་མོ་གླང་མ་ལྟ་བུ་མཚོན་རྟགས་རང་བཞིན་གྱི་ས་ཆ་འདི་འདྲར་ཚན་རིག་པ་ཚོས་མཐོ་ཚད་སྨི་ལྔ་སྟོང་དྲུག་སྟོང་ཡན་དུ་ཞིབ་འཇུག་བྱེད་པ་ལས་སྨི་བརྒྱད་སྟོང་ཡན་དུ་ཞིབ་འཇུག་བྱེད་ཚད་ཧ་ཅང་ཉུང་ཉུང་ཡིན་པས། ཇོ་མོ་གླང་མའི་རྩེ་མོར་ཞིབ་འཇུག་བྱེད་པའི་ཐད་ད་དུང་སྟོང་ཆ་མང་པོ་ལུས་ཡོད།

    ང་ཚོས་ད་ཐེངས་མི་བཅུ་ལྷག་ཙམ་ལས་གྲུབ་པའི་རི་འཛེག་ཚོགས་པ་སྒྲིག་འཛུགས་བྱས་ནས་མ་དཔེ་འཚོལ་བསྡུ་དང་། ས་ཚིགས་སྐྲུན་པ། དཔྱད་ཆས་དང་སྒྲིག་ཆས་བེད་སྤྱོད་སོགས་ལ་དམིགས་ནས་ཆེད་མངགས་གསོ་སྦྱོང་ལོ་གཉིས་བྱས་པ་མ་ཟད། ཉེ་དུས་སླར་ཡང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་བ་རེད། ཆེད་ལས་ཚན་རིག་རྟོག་ཞིབ་རུ་མི་ཞིག་གི་ངོས་ནས། ཁོང་ཚོས་ཇོ་མོ་གླང་མའི་རྩེ་མོར་ཐེངས་དང་པོ་འཛེགས་ནས་མ་དཔེ་ལེན་པ་དང་། གནམ་གཤིས་ས་ཚིགས་སྐྲུན་པ། རི་རྩེ་ནས་འཁྱག་སྟིང་ལེན་པ་དང་ལེ་ཏ་ཡི་མཐུག་ཚད་ཚད་ལེན་སོགས་ཀྱི་ལས་འགན་བསྒྲུབ་རྒྱུ་རེད།

    “ཞིབ་འཇུག་ཁྱབ་ཁོངས་འགའ་ཞིག་རྒྱལ་སྤྱིའི་མདུན་གྲལ་དུ་སླེབས་ཡོད”

    གསར་འགོད་པ། མཚོ་བོད་ས་མཐོར་དམིགས་པའི་ཚན་རིག་ཞིབ་འཇུག་ལ་འཛམ་གླིང་གིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། རང་རྒྱལ་གྱི་ཚན་རིག་པའི་འབྲེལ་ཡོད་ཚན་ཞིབ་རྒྱལ་སྤྱིའི་ཐོག་སྔོན་ཐོན་གྱི་གནས་བབ་ཏུ་སླེབས་ཡོད་དམ།

    ཡའོ་ཐན་ཏུང་། དུས་རབས་20པའི་ལོ་རབས་50པ་ནས་ད་བར་རང་རྒྱལ་གྱིས་མཚོ་བོད་ས་མཐོར་ཆེད་དོན་དང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་མང་བྱས་ཡོད། ཀྲུང་གོ་ཚན་རིག་ཁང་གིས་མཚོ་བོད་ས་མཐོར་ལྟ་ཞིབ་ཚད་ལེན་ས་ཚིགས་མང་པོ་བཙུགས་པའི་ཁྲོད་བོད་ཀྱི་ཇོ་མོ་གླང་མའི་ས་ཚིགས་དང་། གནམ་མཚོའི་ས་ཚིགས། བོད་ཤར་ལྷོའི་ས་ཚིགས། མངའ་རིས་ས་ཚིགས་སོགས་ཡོད་པས་འབྲེལ་ཡོད་ཚན་རིག་ཞིབ་འཇུག་མུ་མཐུད་སྤེལ་བཞིན་ཡོད།

    མཚོ་བོད་ས་མཐོར་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེན་པོ་ཡོད་ཅིང་། དེའི་ནང་སའི་གོ་ལའི་དངོས་ཁམས་དང་། ས་གཤིས་གྲུབ་ཚུལ། སྐྱེ་ཁམས། ཁོར་ཡུག་སོགས་ཚུད་ཡོད། རང་རྒྱལ་གྱི་ཚན་རིག་པས་ཞིབ་འཇུག་དང་ལྷག་པར་དུ་ཉེ་བའི་ལོ་ཉི་ཤུ་སུམ་ཅུའི་ནང་རྒྱལ་ཁབ་ཀྱིས་རྨང་གཞིའི་ཞིབ་འཇུག་གི་རྣམ་གྲངས་གལ་ཆེན་ལ་རྒྱབ་སྐྱོར་བྱས་པར་བརྟེན་ཁྱབ་ཁོངས་ལ་ལ་རྒྱལ་སྤྱིའི་ཐོག་ཨང་དང་པོར་སླེབས་ཡོད། དཔེར་ན། འཁྱགས་རོམ་གྱི་འགྱུར་ལྡོག་སོགས་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་དང་དེ་བཞིན་སྐྱེ་ཁམས་ཁྱབ་ཁོངས་སོགས་ཚུད་ཡོད། ཞིབ་འཇུག་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་རྒྱལ་སྤྱིར་ང་ཚོས་ཤེས་རྟོགས་གསར་པ་དང་འཕེལ་རིམ་གསར་པ་དེ་བས་མང་བ་བསྟན་ཐུབ་རྒྱུ་ཡིན་ལ། འབྲེལ་ཡོད་ཚན་ཞིབ་ཁྱབ་ཁོངས་ནང་རྒྱལ་སྤྱིའི་ཐོག་ཏུ་སྐད་ཆ་ཤོད་དབང་དེ་བས་མང་བ་ཐོབ་རྒྱུའི་ཡིད་ཆེས་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་4ཉིན་འབྱོར་བའི་གློག་འཕྲིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།