[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ལ་གུས་འདུད་ཞུ།ཉམས་པ་མེད་པའི་རི་འཛེག་སེམས་ཤུགས་ལ་གུས་འདུད་ཞུ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་ཉིན་དེར་ས་ཐག་རིང་ལ་ངོ་མཚར་ཆེ་བའི་འཛམ་གླིང་ཡང་རྩེ་ནས་རྒྱལ་ཁའི་གཏམ་བཟང་ཞིག་གྲགས་པ་སྟེ། ན་གཞོན་ཚན་རིག་རྟོག་ཞིབ་རུ་མི་ཁྱུ་གཅིག་ཇོ་མོ་གླང་མའི་རྩེ་མོར་འཛེགས་ནས“རི་རྩེའི་འགན་འཁྲི”ལེགས་སྒྲུབ་བྱས་པ་རེད། དེ་ནས་བཟུང་ལོ་5རྒྱུན་མཐུད་པའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པས་ཚན་ཞིབ་ཀྱི་ཁྲེ་ཙེའི་ཐོག་ཏུ་ཚད་རྟགས་གསར་རྐྱང་ཞིག་བཀོད་པ་རེད།

    2017ལོ་ནི་ད་ཐེངས་ཀྱི་མཚོ་བོད་ཚན་རིག་རྟོག་ཞིབ་བྱས་པའི་ལོ་ཐོག་མ་དེ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞིག་གི་ངོས་ནས། ང་ཚོ་ཚན་ཞིབ་རུ་ཁག་དང་མཉམ་དུ་བྱང་ཐང་གི་མི་མེད་ལུང་སྟོང་དུ་བསྐྱོད་པ་ཡིན། ངས་སྟབས་ལེགས་པ་ཞིག་ལ་ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་པར་བཅར་འདྲི་དང་བདེན་དཔང་བྱས་པ་མ་ཟད། ལོ་རྒྱུས་དུམ་བུ་དེ་ཟིན་ཐོར་བཀོད་པ་ལས་མཚོ་བོད་ཀྱི་ཚན་རིག་རྟོག་ཞིབ་ལ་ཡུན་རིང་གི་སྤྲོ་སྣང་དང་བརྩེ་དུང་ཟབ་མོ་ཞིག་ཀྱང་འཕེལ་བྱུང་།

    སྔོན་ཆད་ཀྱི་དཀའ་སྡུག་ཆེ་བའི་ལེ་དབར་ཁྲི་ཡི་རྒྱང་སྐྱོད་ལམ་བུར་ཕྱིར་དྲན་བྱེད་བཞིན་ང་ཚོས་ཚན་རིག་རྟོག་ཞིབ་རུ་མི་དང་མཉམ་དུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་པའི“དཀའ་ཚེགས་ཆེ་བའི་ཁུལ”གྱི་གངས་རིར་འཛེགས་ནས་རྒྱུན་ཆད་མེད་པར་མཐར་ཟད་འགྲན་སློང་བྱས་པ་དང་། བསམ་ཡུལ་ལས་འདས་པའི་དོན་རྐྱེན་རེ་རེ་ལས་ང་ཚོས་ཤི་གསོན་གྱི་ཚོད་བགམ་ལ་ཁ་གཏད་བཅག་པ་ཡིན།

    ཆར་པ་བབས་པའི་མཚན་མོ་ཞིག་ལ་ང་དང་ལས་རོགས་གཉིས་སྒར་ས་ཆེ་མོར་ཕྱིར་ལོག་པའི་ལམ་བར་དུ་མཐའ་ཡས་པའི་རྩྭ་ཐང་སྟེང་རླངས་འཁོར་འདམ་རྫབ་ནང་དིམ་པ་དང་། ལག་ཐོགས་ཁ་པར་གྱི་བརྡ་རྟགས་སྐྱོ་བ་མ་ཟད་གློག་རྫས་ཀྱང་ཟད་གྲབས་ཀྱི་གནས་སུ་གྱར། བར་ཆད་ཐམས་ཅད་ཁྱད་བསད་བྱས་པས་ཉེན་ཁ་ལས་གཞི་ནས་སྒྲོལ་ཐུབ་ཙམ་བྱུང་། ཐེངས་གཅིག་ཚན་རིག་རྟོག་ཞིབ་རུ་ཁག་དང་མཉམ་དུ་གནམ་མཚོར་མཚོ་སྙིང་པར་ལེན་པར་འགྲོ་སྐབས། ང་ཚོའི་པར་ལེན་གསར་འགོད་པ་དང་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་ཞིག་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་གྲང་ངར་ཆེ་བའི་མཚོ་ནང་དུ་ལྷུང་། སྟབས་ལེགས་པ་ཞིག་ལ་སྲོག་སྐྱོབ་གྱོན་ཆས་ཡོད་པར་བརྟེན་ཆུ་ངོས་སུ་འཕྱོ་ནས་བསྐྱབས་ཐུབ་པ་བྱུང་།

    རང་ཉིད་མིག་ཆུ་དབང་མེད་དུ་ཤོར་བའི་རྣམ་པ་དེ་དག་ད་ལྟའང་མིག་ལམ་དུ་གསལ་ལྷམ་མེར་མངོན་གྱི་འདུག གནས་ཚུལ་དེ་དག་བརྒྱུད་པ་ལས་ལོ་ལྟར་ཟླ་བ་ཁ་ཤས་རིང་ཕྱི་རོལ་དུ་རྟོག་ཞིབ་ལས་དོན་སྒྲུབ་མཁན་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་རུ་མི་ཚོར་ལོ་མང་བསྟུད་མར་ཉེན་ཁ་གང་འདྲ་ཞིག་འཕྲད་ཀྱི་ཡོད་མེད་རང་ཉིད་ཀྱིས་གསལ་པོ་ཤེས་བྱུང་། ཐོབ་པར་དཀའ་བའི“ཟབ་སྐྱོད་རྣམ་པའི”བཅར་འདྲི་དེ་ལས་རང་ཉིད་ལ་ཐག་ཉེ་ས་ནས་ཚན་རིག་རྟོག་ཞིབ་རུ་མི་ཚོའི་ལས་ཀ་དང་འཚོ་བར་ལྟ་ཞིབ་དང་ཉམས་ལེན་བྱེད་པའི་གོ་སྐབས་བྱུང་།

    དཀའ་ཉེན་ལས་ཚན་རིག་རྟོག་ཞིབ་རུ་མི་ཚོའི་བདེ་ཐང་དང་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་བཟོས་ཡོད།

    ས་བབ་མཐོ་ཚད་སྨི་5150ཡོད་པའི་གདང་ལའི་ལུང་ཤར་རྩེ་ལུང་པའི་འཁྱགས་རོམ་སྒར་ས་རུ་ང་ཚོ་དང་འཁྱམས་རོམ་རིག་པ་མཁས་ཅན་ཞུས་པའེ་ཆིང་གིས“ས་བཤད་གནམ་བཤད”བྱས་པ་ཡིན། ཁོང་གིས་ས་བབ་མཐོ་ཚད་སྨི་7000ལྷག་ཙམ་ཡོད་པའི་འཁྱག་སྙིང་ལེན་སར་ལྷགས་པ་ཆེན་པོ་བརྒྱབ་ནས་གུར་ཇི་ལྟར་རལ་མིན་དང་། སྒར་སར་དྲེད་མོང་གི་འཇབ་རྒོལ་དང་སྤྱང་ཀིས་མཐའ་སྐོར་བ་སོགས་ཀྱི་གནས་ཚུལ་འཕྲད་པ་ནི་ཅི་འདྲའི་འཇིགས་སུ་རུང་ཞིང་དགོད་བྲོ་བ་ཞིག་ཡིན་པ། ཐེངས་ཤིག་ད་དུང་གངས་རླུང་ཁྲོད་མཚན་གང་སྒར་ས་བཙལ་བ་ཡིན། ནམ་ལངས་དུས་གཞི་ནས་མཚན་གང་སྒར་སར་བསྐོར་བ་བརྒྱབ་པ་ཤེས་རྟོགས་བྱུང་བའི་གནས་ཚུལ་བཅས་བཤད་བྱུང་།

    འཁྱགས་རོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཚན་རིག་རྟོག་ཞིབ་རུ་མི་ཞིག་གི་སྐོར་གླེང་སྐབས། ཁོང་གིས་དགའ་སྤྲོ་བག་ཕེབས་ངང་གླེང་མོལ་བྱེད་ཀྱི་མེད། སྐབས་དེར་ལ་ཁའི་ཉི་འོད་ཀྱི་འོག་ཏུ་ངས་ཁོང་གི་གདོང་ནས་མིག་ཆུ་ལྷུང་ལྷུང་དུ་བཞུར་བཞིན་པ་གསལ་པོར་མཐོང་བྱུང་།

    གེགས་བར་ལས་ཁོ་ཚོའི་འདུན་པ་དང་བཟོད་བསྲན་ལ་རྒྱུན་ཆད་མེད་པར་ཞུན་བརྡར་ཐེབས་པ།

    མཚོ་མཚེའུ་རྟོག་ཞིབ་རུ་མི་ཞུས་ཐེང་སེར་གླིང་མཚོར་ལས་སྒྲུབ་བྱེད་སྐབས“གྱང་ལྟར་མཐོ་བའི”རྦ་རླབས་དྲག་པོ་ཞིག་འཕྲད་མྱོང་། ཆུ་ཚོད་བཅོ་ལྔའི་རིང་རྦ་རླབས་དང་འཐབ་ནས་ཕྱིར་ལོག་སྐབས། ཁོང་གི་ངོ་གདོང་ལ་ད་དུང་ཡང་མཚོ་ཆུས་སྦགས་པའི་ཚྭ་ཤུལ་ཁྲ་ཐིག་ཡོད་པ་རེད། གློ་བུར་དུ་ཐོན་པའི་རླུང་རླབས་འདིས་ཁོང་ཚོས་མཚོ་མཐིལ་དུ་གནས་པའི་དངོས་པོའི་མ་དཔེ་ལེན་ཐུབ་མེད་པ་མ་ཟད། ད་དུང་བྲེལ་འཚུབ་ངང་ཕྱིར་འཐེན་བྱེད་སྐབས་ལྕགས་ཀྱུ་གསུམ་མཚོ་ནང་དུ་མི་བསྐྱུར་ཀ་མེད་དུ་གྱུར།

    ཁོང་གི་རུ་དཔོན་ཝང་ཅོན་པོ་ཡིས་སྣང་བ་མེད་པའི་ངང་ནས་ཚན་རིག་ཞིབ་འཇུག་གི་བརྒྱུད་རིམ་ལ་གཏན་འཁེལ་མིན་པའི་རང་བཞིན་ཆེན་པོ་ཡོད། སྐབས་འགར་ཉིན་གཅིག་གི་ལས་ཀར་གྲུབ་འབྲས་གང་ཡང་ཐོབ་མི་སྲིད་ལ། ཚན་རིག་རྟོག་ཞིབ་ཐེངས་གཅིག་གིས་ཀྱང་རིན་ཐང་ལྡན་པའི་ཤེས་རྟོགས་དེ་ཙམ་ཐུབ་མི་སྲིད་ཅེས་བཤད།

    དེ་རང་རེད། ཚན་རིག་ཞིབ་འཇུག་ཚང་མ་རྒྱལ་ཁའི་ངང་རི་རྩེར་འཛེགས་ཐུབ་པ་ཞིག་མིན། མཚོ་བོད་ཚན་ཞིབ་མི་སྣ་རྒན་རབས་ཚོ་དང་འདྲ་བར་ད་ཆའི་ཚན་ཞིབ་རུ་མི་ཚོས་སྔར་བཞིན་ཆོ་མེད་ཁེར་རྐྱང་གི་རྒྱུན་གཏན་ལས་དོན་ཁྲོད་མཐའ་མའི་ཚན་རིག་གི་ཚད་བརྒལ་ཡོང་བར་བྱ་ཆེད། ཉིན་རེ་རེ་དང་ལོ་རེ་རེ་བཞིན་རྒྱུན་འཁྱོངས་བྱེད་ཀྱི་ཡོད།

    འོན་ཀྱང་། མཚོ་བོད་ཚན་རིག་རྟོག་ཞིབ་རུ་མི་རྣམས་ནི་ཕྱི་རོལ་ཡུལ་གྱི་ཆ་འཕྲིན་ལ་དོ་སྣང་མི་བྱེད་མཁན་ཁྱུ་གཅིག་གཏན་ནས་མིན།

    ངས་བལྟས་ན། ཁོང་ཚོ་ནི་སེམས་སུ་མེས་རྒྱལ་བཅངས་ཤིང་བྱ་གཞག་ལ་ནུས་ཤུགས་གང་ཡོད་འདོན་མཁན་གྱི་དཔའ་བོ་དང་། རི་ལ་འཛེག་ཕོད་པ་དང་ཐེངས་བརྒྱ་ཕམ་རུང་དཔའ་མི་ཞུམ་པའི་དཔའ་རྒོད། སེམས་ཞི་ཞིང་དུལ་ལ་ཕུགས་བསམ་ལྡན་པའི་ཉམས་ལེན་པ། བློ་རྒྱ་ཡངས་ལ་སྣང་བ་སྐྱིད་པའི་རྣམ་དཔྱོད་ཅན་བཅས་རེད།

    ཁོང་ཚོས་ང་ལ་བསླབས་པ་ནི་ཚན་རིག་ཙམ་མ་ཡིན་པར། དེ་བས་རྐང་པ་ལས་རིང་བའི་ལམ་མེད་པ་དང་རྟོགས་པ་ལས་མཐོ་བའི་རི་བོ་མེད་པའི་གནས་ལུགས་ཀྱང་བསླབས་བྱུང་།

    ཞུས་པོ་ཆིང་གིས་ལོ་ངོ་20ལྷག་ཙམ་རིང་དཀའ་བ་ཚད་མེད་སྤྱད་ནས་འཁྱགས་ཀླུང་དང་འགྲོགས། ཁོང་གིས་མཚོ་བོད་ས་མཐོ་ནི་གོ་ལ་ཧྲིལ་པོའི་ཚན་ཞིབ་མི་སྣའི་རྩལ་འགྲན་ར་བ་ཞིག་ཡིན་པས་ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་ཞུམ་མེད་མདུན་སྐྱོད་བྱེད་དགོས། འཁྱགས་རོམ་ཁྲོད་གསང་བ་མང་པོ་ཡོད་པས། ཐབས་བརྒྱ་ཇུས་སྟོང་ངང་གསང་བ་དེ་དག་འཚོལ་བའི་བརྒྱུད་རིམ་ནི་ཡིད་ཆགས་དགོས་པ་ཞིག་རེད། སྔོན་ཆད་ཚན་རིག་གི་དཀའ་གནད་རེ་རེར་འཇིགས་སྣང་སྐྱེ་མྱོང་ཡོད་མོད། འོན་ཀྱང་རྟག་པར་སེམས་ལ་བསམ་པ་ནི་སྔར་བཞིན་དཀའ་གནད་སེལ་རྒྱུ་དེ་ཡིན་པ་དང་ཐ་ན་དཀའ་ཚེགས་དང་བྲལ་བའི་མི་ཚེ་ནི་འཐུས་སྒོ་ཚང་པོ་མེད་པའི་མི་ཚེ་ཞིག་རེད་ཅེས་བརྗོད། སྐད་ཆ་དེ་ལས་ངས་བསམ་པའི་ཀུན་སྤྱོད་བཟང་པོར་ཤེས་རྟོགས་ཟབ་པོ་བྱུང་།

    དུས་ཡུན་རིང་པོའི་ནང་མཚོ་བོད་ས་མཐོར་ལས་ཀ་བྱེད་མཁན་སྐྱེ་དངོས་རིག་པ་མཁས་ཅན་ཞ་ཝུའུ་ཕིང་གིས་སྔོན་ཆད་ས་མཐོའི་འབྲི་གཡག་གི་སྙིང་སྟོབས་དེ་ཚན་རྩལ་ལས་དོན་པའི་དོན་གཉེར་ལ་བརྩི་ཡི་ཡོད་ཅེས་བཤད།

    བོད་བྱང་ཐང་གི་སྐྱེ་དངོས་དང་སྐྱེ་ཁམས་འགྱུར་ལྡོག་གི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས། ངས་ཞིབ་འཇུག་པ་དབྱང་ཡུང་ཕིང་ལ་ས་མཐོའི་རྩི་ཤིང་དང་མཚོ་བོད་ཚན་རིག་རྟོག་ཞིབ་རུ་མིའི་དབར་བསྡུར་བ་བྱེད་དུ་འཇུག་མྱོང་ཡོད། སྐད་གྲགས་ཆེ་བའི་གངས་ལྷ་མེ་ཏོག་མིན་ལ། ཚོན་མདངས་རྣམ་པར་བཀྲ་བའི་པད་མོ་ནད་སེལ་ཡང་མིན། ཁོང་གིས་ཆེས་མངོན་ཆུང་བའི་མཆིན་ཁ་མེ་ཏོག་ལ་མཛུབ་མོ་བཙུགས་ཏེ། རྩྭ་དེ་རིགས་ཀྱིས་བྱེ་མ་འགོག་ཐུབ་པ་མ་ཟད། གཟན་རྩྭ་ཡང་ཡིན་པས་མཐོ་གྲང་དང་སྐམ་ཤས་ཆེ་བའི་བོད་བྱང་ཐང་དུ་ཁྱབ་རྒྱ་ཧ་ཅང་ཆེན་པོ་ཡོད། དེ་ནི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་མི་ལྟར་སྐད་གྲགས་མེད་པར་རང་འགན་གཙང་སྒྲུབ་བྱས་ཏེ་དཀའ་ཚེགས་ཆེ་བའི་ཁོར་ཡུག་འོག་གསར་འབྱེད་ཀྱི་སྙིང་སྟོབས་ལྡན་པ་དང་གཉིས་སུ་མ་མཆིས་ཞེས་བཤད།

    དབྱང་ཡུང་ཕིང་ནི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་དང་པོར་ཞུགས་སྐབས་སློབ་མ་ཞིག་རེད། ད་རེས་ཁོང་གིས་རང་ཉིད་ཀྱི་སློབ་མ་ཁྲིད་ནས་ལས་ཀ་གསར་པར་ཞུགས་ཡོད། ཁོང་གིས་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་མང་པོར་གྲུབ་འབྲས་མྱུར་དུ་ཐོབ་ཀྱི་མེད་པས། ཚན་ཞིབ་མི་སྣ་ཚོར་རྩྭ་དེ་དག་དང་འདྲ་བར་ཞུམ་མེད་ཀྱི་སྙིང་སྟོབས་དང་ཁེར་སྡོད་ཀྱི་བསམ་བློ་ལྡན་དགོས། མཐུན་སྒྲིལ་འབད་འཐབ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རིན་དོད་མེད་པ་བཅས་ཀྱི་ཚན་རིག་མཁས་ཅན་རྒན་རབས་ཚོའི་སྙིང་སྟོབས་ནི་ཕུགས་བསམ་ལྡན་པའི་ན་གཞོན་ཚོས་རྒྱུན་འཛིན་བྱེད་དགོས་ཞེས་བཤད་པ་རེད།

    ས་མཐོའི་འབྲི་གཡག་དང་མཆིན་ཁ་མེ་ཏོག་ནི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་མི་ཚོའི་བསམ་པའི་ཉམས་འགྱུར་མངོན་པའི་རྣམ་པ་ཞིག་རེད། ཞིབ་འཇུག་པ་དེ་དག་ངོ་མཚར་ཆེ་བའི་འཛམ་གླིང་ཡང་རྩེར་ཡོང་སྐབས་དེའི་གསང་བ་འཚོལ་ཞིབ་མི་བྱེད་ག་ལ་སྲིད།

    ཟླ་4པའི་ཟླ་མཇུག་ཏུ་ང་སླར་ཡང་པེ་ཅིང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་དུ་བསྐྱོད་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཞིབ་འཇུག་རུ་ཁག་གི་རུ་དཔོན་ཡོན་ཧྲི་ཡའོ་ཐན་ཏུང་དང་ཞིབ་འཇུག་པ་ཞུས་པོ་ཆིང་ལ་བཅར་འདྲི་ཞུས་པ་ཡིན། ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལ་གྲ་སྒྲིག་བྱེད་བཞིན་པའི་ཁོང་ཚོས་འཚོལ་ཞིབ་དང་ཤེས་རྟོགས་གསར་པ་ཐུབ་པའི་རེ་སྒུག་བྱེད་བཞིན་འདུག་ལ། ཁོང་ཚོའི་མིག་ཟུང་ལས་རྡོག་ཐོན་མ་བྱས་གོང་གི་སྤྲོ་སྣང་མངོན་གྱི་འདུག སྤྲོ་སྣང་དེས་ཡོན་ཧྲེ་སུན་ཧུང་ལེས་སྣེ་ཁྲིད་པའི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་མི་ཁག་དང་པོར་རེ་བ་སྦྱིན་མྱོང་ཞིང་། ཚན་རིག་རྟོག་ཞིབ་རུ་མི་རབས་གསར་པའི་ཁྲོད་ཕུགས་བསམ་དད་སེམས་ཀྱི་མེ་སོན་བརྒྱུད་སྤྲོད་ཀྱང་བྱ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད།

    དུས་རབས་ཕྱེད་ཀ་ལྷག་ཙམ་རིར་འཛེགས་པ་བརྒྱུད། མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་མཐར་ཇོ་མོ་གླང་མར་འཛེགས་ཐུབ་པ་བྱུང་ཡོད། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་གངས་རླུང་ཁྲོད་ནས་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་ནས་ཁང་གཉིས་ཀྱི་ཡོན་ཧྲེ་བཅུ་ཕྲག་ཁ་ཤས་ཐོན་ཏེ་མཚོ་བོད་ས་མཐོར་ཚན་རིག་རྟོག་ཞིབ་ཀྱི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་མཁན་གཞོན་དར་རྐང་འཛིན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། མཐར་དཔུང་ཁག་དེ་ཚན་ཞིབ་ལ་ལེགས་སྐྱེས་འབུལ་མཁན་དང་མེས་རྒྱལ་ལ་དྲིན་ལན་འཇལ་མཁན་གྱི་དཔུང་ཁག་སྟོབས་ཆེན་ཞིག་ཏུ་གྱུར་ནས་ཚན་རིག་རྟོག་ཞིབ་ཀྱི་རི་རྩེ་རེ་རེ་བཞིན་ལ་འཛེག་རྒྱུ་རེད།

    མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ལ་གུས་འདུད་ཞུ། ཉམས་པ་མེད་པའི་རི་འཛེག་སེམས་ཤུགས་ལ་གུས་འདུད་ཞུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།