[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • བོད་ཀྱིས་ཟུར་ཚད་མང་བའི་གསར་གཏོད་ལས་ གཏོད་ཀྱི“འབྱུང་ཁམས་འཁོར་ཐག”སྐྱེད་སྲིང་བྱས་པ།

    འགུལ་ནུས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-28

    དུས་རབས་གསར་པའི་སྒོ་མོ་ག་དུས་ཡིན་ཡང་གསར་གཏོད་མཁན་གྱིས་འབྱེད་པ་དང་དུས་རབས་གསར་པའི་མཚམས་ཚིགས་ག་དུས་ཡིན་ཡང་འཐབ་འཛིང་མཁན་གྱིས་གཏོད་ཀྱི་ཡོད། རང་ལྗོངས་ཀྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བརྟན་པོ་དང་མཐའ་གཅིག་ཏུ་བྱས་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་པ། དངོས་ཡོད་དང་ཟུང་འབྲེལ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་ལས་དོན་ཁག་ཡག་པོ་བསྒྲུབས་པ་བཅས་ཀྱི་ཐོག་ནས་ཟུར་ཚད་མང་བའི་གསར་གཏོད་ལས་གཏོད་ཀྱི“འབྱུང་ཁམས་འཁོར་ཐག”སྐྱེད་སྲིང་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱིས་ཚན་རྩལ་གསར་གཏོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་ཚན་ཞིབ་ཀྱི་གྲུབ་འབྲས་ཡང་ཡང་ཐོན་ཞིང་། མིག་སྔར་ལྗོངས་ཡོངས་སུ་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་1དང་། རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་4 རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་37བཅས་བསྐྲུན་ཡོད།

    རང་ལྗོངས་ཀྱིས་ཆུ་ཚད་མཐོ་བའི་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་དེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་གསར་གཏོད་ཀྱི་ཤེས་ལྡན་པའི་སྐུལ་སྤེལ་འཆར་གཞི་དང་། “ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པའི་རྒྱབ་སྐྱོར་འཆར་གཞི།  ཚན་རྩལ་ཆེད་མངགས་པ་སོགས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་གསར་གཏོད་ཚོགས་པ་དང་། གཞོན་དར་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པ། ཚན་རྩལ་གསར་གཏོད་དང་ལས་གཏོད་ཀྱི་ཤེས་ལྡན་པ་བཅས་གསོ་སྐྱོང་བྱས་པས་དབུ་བཞུགས་ཚན་རིག་མཁས་ཅན་དང་། རིག་ཚན་གྱི་སྣེ་ཁྲིད་མི་སྣ། ཚན་ཞིབ་ཀྱི་རྐང་འཛིན་མི་སྣ། ཚན་རྩལ་མི་སྣ་བཅས་ལས་གྲུབ་པའི་ཚན་ཞིབ་དཔུང་ཁག་ཅིག་རགས་ཙམ་ཆགས་ཡོད།

    མིག་སྔར། ལྗོངས་ཡོངས་སུ་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ་ཁྲི་8.7ཡོད་པ་དང་། རིམ་རྩིས་བྱས་ན“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པ་4805འདེམས་གཏོང་བྱས་པ། ཚན་རྩལ་ཆེད་མངགས་པ་ཁྲི་1ལྷག་ཙམ་བར་འཕེལ་རྒྱས་ཕྱིན་པ། རྒྱལ་ཡོངས་ཀྱི་སྔོན་ལ་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་100%ཟིན་པ་བཅས་རེད། ཚན་རྩལ་ཆེད་མངགས་པ་དང“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པས་མཐུན་ཚོགས་སྣ་ཚོགས་128བཙུགས་པ་བརྒྱུད། དཔེ་སྟོན་ལས་གཏོད་དུད་ཆེན་2288འཕེལ་རྒྱས་བཏང་བ་དང་རིགས་ཁག་གི་ཚན་རྩལ་མི་སྣ་དང་ཞིང་འབྲོག་པ་མི་ཐེངས་ཁྲི་65གསོ་སྐྱོང་བྱས་ཡོད། “ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པ་དང་ཚན་རྩལ་ཆེད་མངགས་པ་དག་རང་ལྗོངས་ཀྱི་ཚན་རྩལ་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་ཚན་རྩལ་ཞབས་ཞུའི་མ་ལག་སྐྲུན་པའི་བརྒྱུད་རིམ་ཁྲོད་ཀྱི་བློས་འགེལ་ཆོག་པ་དང་། གཞིས་ཆགས་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ལ་གྱུར་ཡོད།

    ཉེ་བའི་ལོའི་ནང་། རང་སྐྱོང་ལྗོངས་ཀྱིས་དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་རབ་དང་རིམ་པ་བཏོན་ནས“གཉིས་གཏོད”ཀྱི་གསོན་ཤུགས་ཆེས་ཆེར་འཕེལ་བར་བྱས་ཡོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་ཕྱོགས་བསྡུས་རང་བཞིན་གྱི་འགན་སྲུང་བྱས་ཏེ་ལས་གཏོད་ཁ་གསབ་སྤྲོད་རྒྱུ་དོན་འཁྱོལ་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་བཟང་སྒྲིག་བྱས་ཁར། ཁ་གསབ་རེ་ཞུའི་ལྗང་མདོག་བགྲོད་ལམ་ཞིབ་འཇུག་བྱས་ནས་བཏོད་དེ་དྲ་ཐོག་གི་ཁ་གསབ་རེ་ཞུའི་ལམ་ལུགས་དོན་འཁྱོལ་བྱས་པ་རེད།

    2019ལོར་ལྗོངས་ཡོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་རིགས་ཁག་གི་ལས་གཏོད་ཞབས་ཞུ་བྱ་ཡུལ་གྱི་དགོས་མཁོའི་གནས་ཚུལ་མཐིལ་རྟོགས་བྱས་ཏེ“སྲིད་ཇུས་འགྲེལ་བཤད་དང་། ཆ་འཕྲིན་མཁོ་འདོན། ལག་རྩལ་སློབ་པ”བཅས་ཀྱི་ཞབས་ཞུ་ཧུར་ཐག་སྤེལ་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ། གནས་སྤོས་ཞིང་འབྲོག་པ་སོགས་ཆ་རྐྱེན་ཚང་བའི་མི་སྣར་ལས་གཏོད་ཁ་གསབ་དང་བྱ་དགའ་སྣ་ཚོགས་སྤྲད་པ་རེད། ས་གནས་ཁག་གིས་རང་སྐྱོང་ལྗོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རོགས་སྐྱོར་མ་དངུལ་བཙུགས་པ་དང་། གྲོང་ཁྱེར་ཁག་གིས་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་སྣ་ཚོགས་བྱས་ནས་ལས་གཏོད་ཀྱི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད།

    དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོ་སྤེལ་ཚུན། རང་ལྗོངས་ཀྱིས་ཚན་རྩལ་དང“གཉིས་གཏོད”ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་དང་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་པ་དང་། ཚན་རྩལ་གྱི་ཐོན་ཁུངས་སྤྱི་འདོམས་ཧུར་ཐག་བྱས་པ། ཁོར་ཡུག་རིམ་སྤོར་དང་། ནོར་སྲིད་ཀྱི་རྒྱབ་སྐྱོར། ཚན་རྩལ་ལས་གཏོད། གྲུབ་འབྲས་གཞན་སྒྱུར། ལས་སྟེགས་ཞབས་ཞུ། ཚན་རྩལ་གསར་གཏོད་ཀྱི་མཐོ་ས་སོགས་ཐད་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པས“གཉིས་གཏོད”ཀྱི་ཚན་རྩལ་ཁྱད་ཆོས་ཇེ་ཆེར་སོང་བ་དང་། “གཉིས་གཏོད”ལས་དོན་ལ་གྲུབ་འབྲས་ཡང་ཡང་ཐོབ་པ། “གཉིས་གཏོད”ཀྱི་གསོན་ཤུགས་གང་ལེགས་འཕེལ་བ་བཅས་བྱུང་བ་མ་ཟད། གྲུབ་འབྲས་ཀྱང་མང་པོ་ཐོབ་ཡོད།

    ཉེ་དུས། ལྗོངས་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཁྱབ་ཁོངས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་སྔར་བས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དང་། ས་ཁུལ་གྱི་མཉམ་འབྲེལ་འཕེལ་རྒྱས་ཐེབས་རྩ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་དེ་དག་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གི་ཚན་རྩལ་འགག་སྒྲོལ་གལ་ཆེན་ཐད་སྤྱོད་རྒྱུ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་གི་ཚན་རྩལ་དོ་དམ་སྡེ་ཚན་གྱིས་གྲོང་ཁྱེར་དང་ས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ལ་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་འབྲེལ་སྐུལ་འདེད་མཐུན་སྦྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་ཆབས་ཅིག“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པ་དང་། ཚན་ཞིབ་ཁང་དང་སུའོ། མཐོ་སློབ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་སོགས་ཀྱི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་། ཞིང་ལས་ཚན་རྩལ་གླིང་དང་“གཉིས་གཏོད”ལས་སྟེགས་སོགས་ལ་བརྟེན་ནས་རྣམ་གྲངས་སྒྲིག་འཛུགས་གང་ལེགས་བྱས་ཏེ། གྲོང་ཁྱེར་དང་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཁྲོད་ཀྱི་ཚན་རྩལ་གནད་དོན་ཁག་གཅིག་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།