[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • ཕྱོགས་བསྡུས་ཀྱི་ཚན་རིག་རྟོག་ཞིབ་བྱས་ནས་བོད་ཀྱི“གསང་བ”བརྟོལ་བ།

    ​ —— ཚན་རྩལ་གྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རིམ་སྤེལ་གནས་ཚུལ་བཞི་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

    ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ཆེན་པོ་འགྲོ་བ་དང་དེ་བཞིན་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཐེབས་ནས་མཚོ་བོད་ས་མཐོའི་སྣོད་བཅུད་མ་ལག་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དང་2017ལོའི་ཟླ་8པར་ལས་འགོ་བཙུགས་པའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིགས་རྟོག་ཞིབ་བྱེད་ཐེངས་གཉིས་པས་དེའི་གསང་བ་བརྟོལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་ཕུལ་ཐོག་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་ཁམས་བཟང་ཡོང་བ་བྱེད་དགོས”ཞེས་བསྟན་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་དང་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད།

    བོད་ཀྱི་ཚན་ཞིབ་ལས་དོན་པས་ཚན་རིག་རྟོག་ཞིབ་ནང་ཕྱོགས་ཡོངས་ནས་ཞུགས་པ།

    མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཀྱི་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་དུས་འཁོར་ལོ་10ཙམ་ཡིན་པ་དང་ཞིབ་འཇུག་ནང་མཚོ་བོད་ས་མཐོའི་ས་ཁོངས་ཧྲིལ་པོ་ཚུད་པའི་ནང་ཕྱོགས་བསྡུས་རྟོག་ཞིབ་ཁུལ་ཆེན་པོ་5དང་འགག་རྩའི་ཞིབ་འཇུག་ཁུལ་19ཡོད་པ་དེ་དག་ལས་འགན་ཁག་10དང་འབྲེལ་བ་ཡོད་པ་རེད། ཚན་རིག་རྟོག་ཞིབ་བྱས་ཏེ་རང་ལྗོངས་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་ཐོབ་དཀའ་བའི་གོ་སྐབས་འཕྲད་པ་དང་ད་ཐེངས་ཚན་རིག་རྟོག་ཞིབ་ཀྱི་ས་ཁོངས་གཙོ་བོ་ཡིན་པའི་ས་གནས་སྲིད་གཞུང་གིས་སྒྲིག་འཛུགས་མཐུན་སྦྱོར་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། གྲུབ་འབྲས་བསྡུ་རུབ། ཞིབ་འཇུག་ལེགས་སྒྲིག་བཅས་ཀྱི་ལས་འགན་ཧ་ཅང་ལྕི་པོ་འཁུར་ཡོད།

    “མིག་སྔར། རང་ལྗོངས་ཀྱིས་ཚན་རྩལ་པུའུ་དང་ཀྲུང་གོ་ཚན་རིག་ཁང་མཉམ་དུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་རིམ་ངོས་སུ་རིམ་སྤོར་བྱས་ནས་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་རིག་རྟོག་ཞིབ་ཀྱི་དགོས་མཁོར་ཞིབ་འཇུག་ཧུར་ཐག་བྱེད་པ་དང་། ཚན་རིག་རྟོག་ཞིབ་ཀྱི་ནང་དོན་ཇུས་འགོད་བྱེད་པ། ཚན་རིག་ཞིབ་འཇུག་གི་ཁ་བྱང་འདོན་པ། ཚན་རིག་རྟོག་ཞིབ་ཀྱི་དམིགས་ཚད་ལས་འགན་གཏན་འཁེལ་བཅས་བྱས་ནས་རང་འགུལ་ངང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལྗོངས་ཡོངས་ཀྱི་ཚན་རྩལ་རྐང་འཛིན་སྟོབས་ཤུགས་ཚན་རིག་རྟོག་ཞིབ་ནང་ཞུགས་རྒྱུར་འདེམས་གཏོང་བྱས་ཏེ། ཚན་རིག་རྟོག་ཞིབ་ལས་དོན་བདེ་བླག་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད”ཅེས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས་བརྗོད།

    མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཇུས་གཞི་ལྟར་རང་ལྗོངས་ཀྱིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ནུས་ཤུགས་ཡོད་རྒུས་ཞུགས་པ་དང་ཞབས་འདེགས་ཞུས་ཡོད།

    —— རང་སྐྱོང་ལྗོངས་ཀྱིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཆེད་དོན་བློ་འདྲིའི་ཚོགས་འདུ་འཚོགས་ཏེ། རིགས་གཅིག་མཁས་ཅན་གྱི་བློ་གྲོས་གཅིག་སྡུད་དང་བློ་འདྲིའི་ཚོགས་འདུའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

    —— རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ཏེ། “སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས་དོན་གང་ཡིན་པ་དང་། སྣོད་བཅུད་ཤེས་དཔལ་ཇི་འདྲ་ཞིག་འཛུགས་སྐྱོང་བྱེད་པ། སྣོད་བཅུད་ཤེས་དཔལ་ཇི་ལྟར་བྱས་ཏེ་འཛུགས་སྐྱོང་བྱེད་པ”སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་པ་རེད། ན་ནིང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རྩལ་འཆར་འགོད་རྣམ་གྲངས་ཁྲོད་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཞིབ་འཇུག་གི་ཁྱབ་ཁོངས་ཁག་8ལ་རྣམ་གྲངས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། འགྲོ་གྲོན་སྒོར་ཁྲི་627བཏང་ནས་ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱི་ཞིབ་འཇུག་དང་། གསར་སྤེལ། བཀོལ་སྤྱོད་བཅས་ལ་ཞབས་འདེགས་ཞུས་པ་རེད།

    —— བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་སོགས་ཚན་པ་ཁག“ས་ཞིང་ཐོན་ཁུངས་ཀྱི་འགྱུར་ལྡོག་དང་ས་ཁོངས་འཕེལ་རྒྱས”ཀྱི་རྟོག་ཞིབ་ལས་འགན་སྒྲུབ་པའི་ནང་ཞུགས་པ་རེད།

    ཚན་རིག་རྟོག་ཞིབ་ཐེངས་དང་པོར་གཡུར་ཟའི་གྲུབ་འབྲས་ཐོབ་པ།

    མཚོ་བོད་ས་མཐོ་འདི་ཉིད་སྔོ་ལྗང་ཅན་དུ་འགྱུར་དོན་གང་ཡིན་ནམ། སྣོད་བཅུད་ལེགས་སུ་འགྲོ་བའི་བརྡ་རྟགས་ཡིན་ནམ། འཁྱགས་རུད་ཀྱི་གནོད་འཚེའི་ལམ་སྲོལ་གང་ཡིན་པ་དེ་ཚན་རིག་གིས་སྔོན་བརྡ་གཏོང་ཐུབ་བམ། འཁྱགས་རོམ་བཞུར་ནས་ཆུའི་ཐོན་ཁུངས་ཇི་ཙམ་བྱུང་བ་དང་དེ་ནི“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ལ་ཕན་པ་ཆེའམ་ཡང་ན་གནོད་འཚེ་ཆེ་བ་ཡོད་དམ། རི་བོ་ཧི་མ་ལ་ཡ་དང་གངས་ཏི་སི་གཉིས་གང་ཞིག་སྔོན་ལ་ཆགས་པ་དང་སྐྱེ་དངོས་རིམ་འགྱུར་ཐད་ཤུགས་རྐྱེན་ཇི་འདྲ་ཐེབས་ཡོད་པ་ལ་སོགས་མདོར་ན་2018ལོའི་ཟླ་9པར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཐེངས་དང་པོ་ཡོངས་བསྒྲགས་བྱེད་པའི་ནང་གོང་གསལ་གྱི་གནད་དོན་ཚང་མ་ཚུད་ཡོད།

    སྙན་ཞུའི་ཚོགས་འདུར། ཚན་རིག་རྟོག་ཞིབ་ཐེངས་དང་པོའི་ཚན་རིག་གི་ཤེས་རྟོགས་ཁག་3དང་ཚན་རིག་དང་མཐུན་པའི་ཁ་གཏད་གཅོག་ཐབས་གཅིག་གི་གྲུབ་འབྲས་གལ་ཆེན་ཡོངས་བསྒྲགས་བྱས་པར་ས་གནས་སྲིད་གཞུང་དང་ཚོགས་ཞུགས་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱི་ཚད་མཐོའི་ཁས་ལེན་དང་འབྲེལ་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། ཚན་རིག་གི་ཤེས་རྟོགས་ཁག་3སྟེ། གཅིག་ནི་རི་བོ་ཧི་མ་ལ་ཡ་དང་གངས་ཏི་སི་ཆགས་པའི་ལོ་རྒྱུས་ལ་ཧེ་བག་ངེས་ཅན་ཡོད་སྟབས་སྐྱེ་དངོས་གསར་པ་རིམ་འགྱུར་གྱི་དཔེ་དབྱིབས་ཆགས་པ་དང་། གཉིས་ནི་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་དོ་སྙོམས་མ་བྱུང་བ་དང་འཁྱགས་རུད་སོགས་ཀྱི་གནོད་འཚེ་གསར་པ་དང་གནོད་འཚེ་ཆེན་པོ་ཡང་ཡང་ཐོན་པ། གསུམ་ནི་མཚོ་བོད་ས་མཐོའི་སྣོད་བཅུད་མ་ལག་ལེགས་སུ་འགྲོ་བ་དང་དུས་མཚུངས་མི་མངོན་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པ་བཅས་རེད།

    མཚོ་བོད་ས་མཐོའི་ཚན་ཞིབ་ལྟེ་གནས་གྲབས་འཛུགས་བྱས་པ།

    འཕྲིན་ལས་དབང་རྒྱལ་གྱིས“མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་འཐབ་ཇུས་དམིགས་ཚད་དང་ལས་འགན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་དེ་བས་འཐུས་སྒོ་ཚང་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་ལེན་བྱ་ཆེད་རང་ལྗོངས་ཀྱིས་ས་ཁོངས་ལས་བརྒལ་བ་དང་། པུའུ་ཨུད་ལས་བརྒལ་བ། རིག་ཚན་ལས་བརྒལ་བ་བཅས་ཀྱི་ལྷ་སའི་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས་བཙུགས་ཏེ་མཚོ་བོད་ས་མཐོའི་ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱི་གྲངས་གཞི་ཕྱོགས་སྡོམ་དང་། གྲངས་གཞིའི་ལས་སྟེགས་སྐྲུན་པ། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར། རྒྱལ་སྤྱི་དང་མཉམ་ལས་སོགས་ཀྱི་ལས་འགན་ཁུར་བཞིན་ཡོད”ཅེས་བཤད།

    མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས་བཙུགས་རྗེས། རང་ལྗོངས་ཀྱི་ཚན་ཞིབ་མི་སྣ་ཚན་རིག་རྟོག་ཞིབ་ཀྱི་དཔུང་ཁག་ནང་ཧུར་ཐག་ཞུགས་གྱུར་སྐུལ་མ་བཏང་ནས་རང་ལྗོངས་ཀྱི་རིམ་པ་མཐོ་བའི་གསར་གཏོད་ཤེས་ལྡན་པ་དང་དཔུང་ཁག་དེ་བས་མང་བ་སྐྱེད་སྲིང་བྱས་པ་མ་ཟད། ད་དུང་རང་ལྗོངས་ཀྱི་དགོས་མཁོ་དེ་དག་སྔོན་ལ་ཚན་རིག་རྟོག་ཞིབ་ཀྱི་ནང་དོན་ནང་བཅུག་ནས་དུས་ཐོག་ཏུ་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་དང་། ལེགས་སྒྲིག གཞན་སྒྱུར་བཅས་བྱེད་པར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ཡག་པ་ཞུ་རྒྱུ་རེད། ཕུགས་ནས་བལྟས་ན། མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱིས་རང་ལྗོངས་ཀྱི་ས་མཐོའི་ཚན་རྩལ་གསར་གཏོད་ལ་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་དེ་བས་མང་བ་བོད་དུ་གཞིས་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས“མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ནི་བྱས་རྗེས་དེང་འདིར་བཞག ཕན་པ་བསྐལ་བརྒྱར་ཐོན་པའི་བྱ་བ་ཞིག་ཡིན་པ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཞུགས་པ་དང་ཞབས་འདེགས་ཞུ་རྒྱུ་ནི་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་རྒྱ་ཆེའི་ཚན་ཞིབ་ལས་དོན་པའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ང་ཚོས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་ཚན་ཞིབ་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་མཚོ་བོད་ས་མཐོའི་གསང་བ་དེ་བས་མང་བ་བརྟོལ་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།