[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ཚན་རྩལ་གྱིས་རོགས་སྐྱོར་བྱས་པའི་སྐོར་གྱི་རིམ་སྤེལ་འཕྲིན་སྤེལ་གསུམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-12

    ཐོན་ལས་དང་པོ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“བརྟན་གཏོང་ཡོ་ཆས”ཤིག་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞིའི་ནང་རང་ལྗོངས་ཀྱི་འབྲུ་རིགས་ཐོན་འབོར་1987ལོར་ཏུན་ཁྲི་46དང་། 1996ལོར་ཏུན་ཁྲི་77 2010ལོར་ཏུན་ཁྲི་91 2018ལོར་ཏུན་ཁྲི་104བཅས་ཟིན་ནས་ལོ་30རིང་གི་གྲངས་གཞི་ལས་རང་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་མཚོན་ཡོད།

    རང་ལྗོངས་ཀྱི་ཞིང་འབྲོག་ལས་ཧ་ཅང་རྗེས་ལུས་ཀྱི་ཐོན་སྐྱེད་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་ནས་འགོ་བཙུགས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ཏུ“ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་རྒྱུའི”དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་ཡོད། ཚན་རིག་ལག་རྩལ་འགག་སྒྲོལ་དང་གྲུབ་འབྲས་བརྗེ་སྒྱུར་གྱིས་དེའི་ནང་ནུས་པ་གང་ཞིག་བཏོན་ཡོད་དམ། ཞིང་འབྲོག་ལས་ཐོན་འཕར་གྱི་གནས་ཚུལ་འོག་ཚན་རྩལ་གྱིས་ཞིང་འབྲོག་པའི་འབབ་འཕར་ཐད་ལེགས་སྐྱེས་གང་ཞིག་ཕུལ་ཡོད་དམ། 2020ལོར་སླེབས་སྐབས“ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་45%ཟིན་རྒྱུ་དང་ཞིང་འབྲོག་ཚན་རྩལ་ལ་ལེགས་སྐྱེས་འབུལ་ཚད་55%ཟིན་རྒྱུའི”དམིགས་ཚད་མངོན་འགྱུར་བྱེད་པར་ད་དུང་ཕྱོགས་གང་གི་ཐད་ནས་ཚད་བརྒལ་བྱེད་དགོས་སམ། དོན་དེར་དམིགས་ནས་གསར་འགོད་པས་བརྟག་དཔྱད་གཏིང་ཟབ་བྱས་པ་རེད།

    ནས་ཀྱི་སོན་བཟང་ཁྱབ་གདལ་བཏང་བས་འབྲུ་རིགས་ཐོན་ཚད་བརྟན་པོའི་ངང་འཕར་བ།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས“ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་དོན་འཁྱོལ་བྱས་ཡོད། སྔ་རྗེས་སུ་འབྲོག་ཁུལ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ཀྱི་ཚན་རྩལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བསམ་འཆར་བཏོན་ནས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་གཏོང་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་བརྩིས་ཡོད།

    “འབྲུ་རིགས་ཐོན་འཕར་ཡོང་བར་གཅིག་ནས་སྣ་ཁ་གསར་བརྗེས་དང་། གཉིས་ནས་འདེབས་གསོའི་ལག་རྩལ། གསུམ་ནས་རྒྱལ་ཁབ་ཀྱི་སྲིད་ཇུས། བཞི་ནས་འདེབས་ཁྱོན་བཅས་ལ་བརྟེན་དགོས”ཞེས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གྲོང་གསེབ་ཚན་རྩལ་ཁྲུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གྲོང་ཁྱེར་དང་གྲོང་རྡལ་དུ་གཞན་སྒྱུར་དང་འབྲུ་རིགས་ཐོན་ཚད་འཕར་བར་བྱེད་པར་ཚན་རྩལ་འགག་སྒྲོལ་དང་གྲུབ་འབྲས་བརྗེ་སྒྱུར་ལ་བརྟེན་དགོས། ཞིང་འབྲོག་ཚན་རྩལ་སྤྱོད་པའི་ནང་སོན་བཟང་ཁྱབ་གདལ་དང་སྤྱོད་རྒྱུ་དེ་གདམ་ག་དང་པོར་གྱུར་ཡོད། ནས་སོན་སྤུས་ཚད་གསར་གཏོད་དང་འདུས་རྡུལ་སོན་གསོའི་ཆེད་དོན་རྣམ་གྲངས་ལག་རྩལ་ལག་བསྟར་བྱས་ཚུན། རང་ལྗོངས་ཀྱིས་ནས་སོན་གསར་པ་སྣ་ཁ་བདུན་གསལ་འབྱེད་དང་དཔེ་སྟོན་ཁྱབ་གདལ་བཏང་བ་དང་ཁེ་ལས་ལྔ་ཡིས་ཁྱད་ལྡན་ནས་ཀྱི་ཐོན་རྫས་སྣ་ཁ་དྲུག་ཞིབ་སྤེལ་བྱས་པར་ལོ་རེར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3.8ལྷག་ཙམ་ཟིན་ཡོད།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་མུའུ་ཁྲི་ཡི་ཞིང་ཁར་ཆུ་འདྲེན་ཞིང་། ན་ནིང་ཞིང་པ་ཚོར་སྙེ་མ་རིང་ལ་འབྲུ་རྡོག་ཆེ་བའི་ནས་ལོ་ལེགས་བྱུང་ཡོད། རང་སྐྱོང་ལྗོངས་ཀྱིས་ཆུ་ཤུར་དུ“དགུན་ནས་ཨང་18པའི”ནས་ཀྱི་སོན་བཟང་གསར་པ་ཁྱབ་གདལ་བཏང་བ་དང་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་ཚོད་ལྟའི་ཞིང་ཁ་མི་འདྲ་བར་ཞིང་ནང་གཡོག་བྱེད་ཀྱི་ལས་དོན་ནང་ཞུགས་པ་དང་འབྲེལ་སྟོན་བསྡུའི་སྐབས་སུ་ཐོན་སྐྱེད་ལ་ཚད་འཇལ་བྱས་ཏེ་ཐོན་ཚད་གནས་ཚུལ་ཁོང་དུ་བརྟན་པོ་ཆུད་ཐུབ་པ་བྱས་པ་མ་ཟད། “དགུན་ནས་ཨང་18པའི”ཐོན་མཐོའི་འདེབས་འཛུགས་ལག་རྩལ་ཕྱོགས་སྡོམ་བྱས་པ་རེད།

    ལོ་མང་རིང་གི་ཐོན་སྐྱེད་དཔེ་སྟོན་ལས་ཐོན་མཐོ་ཐོན་བརྟན་གྱི་སྤུས་ལེགས་སོན་བཟང་ཞིག་ཡིན་པའི“དགུན་ནས་ཨང་18པ”ལ་རྒྱ་ཆེའི་ཞིང་པ་ཚོས་ཧ་ཅང་དགའ་པོ་བྱེད་པ་མངོན་ཞིང་། ལོ་ལྟར་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ་བཅས་སུ“དགུན་ནས་ཨང་18པ”མུའུ་ཁྲི་2.7ཁྱབ་གདལ་བཏང་བ་དང་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་370ཟིན་པ་དེ་དགུན་ནས་གཞན་གྱི་སོན་བཟང་གི་ཐོན་འཕར་གྱི་10%ཡན་དང་དཔྱིད་ནས་ཐོན་འཕར་གྱི་12%ཡན་ཟིན་པར་བརྟེན་རང་ལྗོངས་ཀྱི་དགུན་ནས་ཀྱི་ཐོན་ཚད་དང་སྤུས་ཚད་ཧ་ཅང་ལེགས་སུ་ཕྱིན་ཡོད།

    ཐོན་སྐྱེད་བྱེད་རིང་ཞིང་འབྲོག་ཚན་རྩལ་གྱི་ནུས་པ་འདོན་སྤེལ་བྱས་པ་དང་འབྲེལ་ཞིང་འབྲོག་ལས་ཐོན་སྐྱེད་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐོན་སྐྱེད་ནུས་ཤུགས་དང་པོར་གྱུར་ཡོད།

    ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་བཏང་ནས་ཞིང་འབྲོག་པའི་ཐོན་འཕར་འབབ་འཕར་ལ་སྐུལ་འདེད་བཏང་བ།

    གྲངས་གཞི་ལས་མངོན་པར། 1997ལོར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་975ཟིན་ཡོད། 2018ལོར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11450ཟིན་པ་དེ་དུས་མཚུངས་ལས་10.8%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    ཡུན་རིང་ཞིང་ནང་དང་མུ་ཁར་ལས་ཀ་བྱེད་མཁན་ཞིང་འབྲོག་ཚན་རྩལ་ལས་དོན་པས་གསར་འགོད་པར། ཞིང་འབྲོག་པས་ས་ཞིང་འདེབས་པ་དང་ཕྱུགས་རིགས་གསོ་ཚགས་ཀྱི་ཡོང་འབབ་དེ་ཕྱིར་ལས་ཀ་བྱེད་པ་ལས་ཉུང་བ་མེད་པར་བརྟེན་ཁོང་ཚོའི་ཧུར་བརྩོན་རང་བཞིན་ཇེ་ཆེར་ཕྱིན་ཡོད། རྒྱུ་རྐྱེན་གཙོ་བོ་ནི་གཅིག་ནས་རྒྱལ་ཁབ་ཀྱིས་ཞིང་སྐྱོར་དང་ཞིང་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་ཞིང་འབྲོག་པའི་ཁ་གསབ་ཁག་ཕྱོགས་ཡོངས་ལ་ཁྱབ་པ་དང་། གཉིས་ནས་སྲོལ་རྒྱུན་གྱི་ཞིང་ལས་ཐོན་སྐྱེད་བྱེད་སྟངས་དེ་དེང་རབས་ཞིང་ལས་སུ་བསྒྱུར་བར་བརྟེན་ཞིང་འབྲོག་པའི་ངལ་རྩོལ་དུས་ཚོད་ཐུང་དུ་དང་ངལ་རྩོལ་གྱི་ཁུར་པོ་ཡང་དུ་ཕྱིན་ཏེ་ངལ་རྩོལ་གྱི་ལས་ཆོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། གསུམ་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་ཐེབས་པ་དང་སོན་བཟང་གསར་པར་ཐོན་འཕར་བྱུང་བ་བཅས་རེད་ཅེས་བཤད།

    ཞིང་འབྲོག་ལས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་ནས་བལྟས་ན། རང་ལྗོངས་ཀྱི་འབྲུ་རིགས་ཐོན་འབོར་2015ལོར་ཏུན་ཁྲི་100.63ཟིན་པ་དང་། 2020ལོར་དམིགས་ཚད་ཏུན་ཁྲི་100ཡན་ཟིན་རྒྱུ་དེ་གཞི་རྩའི་ཆ་ནས་རྒྱུན་འཁྱོངས་བྱ་རྒྱུ་རེད། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་རྒྱ་ཁྱོན་2015ལོའི་མུའུ་ཁྲི་41ནས་2020ལོའི་མུའུ་ཁྲི་100བར་ཟིན་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་19.52%ཟིན་རྒྱུ་དང་། ཕྱུགས་རིགས་རྒྱུད་བཟང་ཁྱབ་གདལ་གཏོང་རྒྱུ་དེ་2015ལོའི་མགོ་གྲངས་ཁྲི་390ནས་2020ལོའི་མགོ་གྲངས་ཁྲི་500བར་ཟིན་པ་བྱས་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་5.09%ཟིན་རྒྱུ་རེད། དམིགས་ཚད་དེ་དག་གིས་རང་ལྗོངས་ཀྱིས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཞིང་འབྲོག་ལས་ཀྱི་ཚན་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་རིན་ཐང་དེ་བས་ཆེ་བའི་གསོ་ཚགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི“འབྲི་གཡག་ཕྱེད་ལག་གསོས་ཀྱི་ལག་རྩལ་ཞིབ་འཇུག་དཔེ་སྟོན”དང“ཁྱད་ལྡན་སྒོ་ཕྱུགས་འདེམས་གསོ་དང་སྐྱོན་བྲལ་གསོ་ཚགས”ཀྱི་འགག་རྩའི་ལག་རྩལ་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་འབྲི་གཡག་རྒྱགས་གསོའི་ལས་དོན་སྤེལ་ཡོད། ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་ལ་མཚོན་ན་མིག་སྔར་གཙོ་བོ་དབྱར་དུས་སུ་གཅིག་སྡུད་ཐོག་ཕྱི་རོལ་དུ་རྒྱགས་གསོ་དང་དགུན་དུས་སུ་རྩྭ་སྣོན་སྟེར་ནས་རྒྱགས་གསོའི་བྱེད་ཐབས་སྤྱད་ཡོད། བརྟག་དཔྱད་བྱས་པ་བརྒྱུད་དབྱར་དུས་སུ་གཅིག་སྡུད་ཐོག་ཕྱི་རོལ་དུ་རྒྱགས་གསོ་བྱས་རྗེས་ཕྱུགས་རིགས་གསོན་ཚད་23%འཕར་བ་དང་ཤ་ཤེད་སྤྱི་རྒྱ་42རྒྱས་ཡོད། ཆ་སྙོམས་སྒོ་ཕྱུགས་རེར་སྒོར་162བཏང་བ་དང་སྒོ་ཕྱུགས་རེ་ནས་ཁེ་བཟང་སྒོར་2442བྱུང་ཡོད། དགུན་དུས་སུ་རྩྭ་སྣོན་སྟེར་ནས་རྒྱགས་གསོ་བྱས་རྗེས་ཆ་སྙོམས་སྒོ་ཕྱུགས་རེར་ཤ་ཤེད་སྤྱི་རྒྱ་48རྒྱས་པ་དང་སྒོ་ཕྱུགས་རེར་ཆ་སྙོམས་སྒོར་2160བཏང་ནས་རྒྱགས་གསོ་བྱས་རྗེས་ཁེ་བཟང་སྒོར་816བྱུང་ཡོད།

    འདམ་གཞུང་རྫོང་ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོའི་འབྲི་གཡག་རྒྱགས་གསོ་མཉམ་ལས་ཁང་དུ་སྐྱོད་སྐབས་ལྷས་ར་དང་། ཟས་གཞོང་། གཟན་ཁང་། རིམས་ནད་སྔོན་འགོག་ཁང་། ཁྲོན་པ་སོགས་སྒྲིག་བཀོད་ཆ་ཚང་པོ་འདུག མཉམ་ལས་ཁང་གིས་འབྲོག་པ་ཚོར་འབྲོག་ལས་ཐོན་ཟོག་ཕྱིར་འཚོང་དང་། ལས་སྣོན། སྐྱེལ་འདྲེན། ཉར་ཚགས་བཅས་དང་། དེ་བཞིན་འབྲོག་ལས་གཉེར་སྐྱོང་གི་འབྲེལ་ཡོད་ལག་རྩལ་དང་ཆ་འཕྲིན་སོགས་ཀྱི་ཞབས་ཞུའི་ལས་དོན་སྤེལ་ཡོད། ལུང་རིང་ཤང་དུ་ད་ཆ་དཔེ་སྟོན་དུད་ཚང་800ཡོད་པ་དང་། འབྲི་གཡག་མགོ་གྲངས་42000རྒྱགས་གསོ་བྱས་པར་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་8744.4ཟིན་ཏེ་ཆ་སྙོམས་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་10.93བྱུང་ཡོད།

    ཚན་རིག་ལག་རྩལ་གྱི་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་ལས་ཞིང་འབྲོག་པར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་པ་རེད།

    ཚན་རྩལ་འདེགས་སྐྱོར་དུ་བྱས་ཏེ་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ།

    དུས་ཡུན་རིང་པོའི་ནང་ཞིང་འབྲོག་པའི་ཐོན་སྐྱེད་ཀྱི་དམིགས་ཡུལ་ནི་བྲིན་འཚོང་བྱ་རྒྱུ་ཁོ་ན་མ་ཡིན་པར་རང་ཁྱིམ་དུ་ཟ་འབྲུ་ཉར་བ་ཕུད་དེ་བྱིངས་འཚོ་བའི་མཁོ་ཆས་དང་བརྗེ་པོ་རྒྱག་གི་ཡོད། ཐོན་སྐྱེད་འདུ་ཤེས་དེ་རིགས་ཀྱིས་ཐོན་སྐྱེད་དང་ཁྲོམ་ར་སྦྲེལ་མཐུད་བྱ་རྒྱུར་འགོག་རྐྱེན་བཟོ་ཡི་ཡོད། དུས་རབས་གོང་མའི་དུས་མཇུག་ཏུ་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་འགྲོ་འགོ་ཚུགས་ཀྱང་ད་དུང་གསར་གཏོད་ཀྱི་ནུས་པ་ཞན་པ་དང་། ཐོན་ལས་ཀྱི་འཁོར་འབྲེལ་ཐུང་བ། ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་ཞན་པ། མཁོ་སྤྲོད་གྲུབ་ཆ་ལུགས་མཐུན་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད།

    དེར་བརྟེན་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་དང་བཀོད་སྒྲིག་ཐབས་ལམ་བཟང་སྒྲིག་བྱེད་པ་དང་། ལུགས་མཐུན་ནུས་ལྡན་གྱི་དགོས་མཁོ་རྒྱ་ཆེར་བཏང་ནས་སྤུས་ལེགས་ནུས་ལྡན་གྱི་མཁོ་སྤྲོད་མང་དུ་གཏོང་དགོས་ལུགས་ཁ་གསལ་བཏོན་ཡོད།

    “ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ནི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཞོར་ཐོན་ཟོག་གི་མཁོ་སྤྲོད་དགོས་མཁོ་དམའ་བ་ནས་མཐོ་བའི་ཕྱོགས་སུ་མཆོང་སྐྱོད་བྱེད་པའི་མཆོག་ནོར་ཞིག་རེད་ལ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་ལྗོངས་ཀྱི་ཞིང་འབྲོག་ལས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཀྱང་རེད”ཅེས་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་ཏུའུ་ཅེ་ཡིས་བཤད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འོ་མ་སོས་པ་ཐད་འཚོང་ཁང་ནང་གི་བྲོ་བ་ཞིམ་ལ་སྤུས་ཚད་ལེགས་པའི་འོ་མ་སོས་པར་གྲོང་མི་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འོ་མ་དེ་དག་ནི་ཉིན་དེ་རང་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་བཞོན་མ་གསོ་ཚགས་ལྟེ་གནས་ནས་བསྐྱལ་བ་ཞིག་རེད། བཞོན་མ་གསོ་ཚགས་ལྟེ་གནས་ནི་མིག་སྔའི་བར་རང་རྒྱལ་གྱི་ས་བབ་མཐོ་ཤོས་དང་། སྒྲིག་ཆས་ཆེས་སྔོན་ཐོན། ཐོན་སྐྱེད་ཀྱི་བརྒྱུད་རིམ་གཙང་ཤོས་བཅས་ཀྱི་དེང་རབས་ཅན་གྱི་སྣོད་བཅུད་འབྲོག་ར་ཞིག་ཀྱང་རེད།

    ཉེ་བའི་ལོ་ཤས་རིང་། བཞོན་མ་གསོ་ཚགས་ལྟེ་གནས་དེས་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་བ་དང་། ཞིང་འབྲོག་ལས་ཀྱི་གྲུབ་ཆ་བཟང་སྒྲིག་བྱས་ཏེ་འབྲི་གཡག་རྒྱགས་གསོ་དང་བཞོན་མ་གསོ་ཚགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པར་བརྟེན་བཞོན་མ་གསོ་ཚགས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་ཕྱིན་ཡོད། ལྕི་བ་བསྡུ་ལེན་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་ལྕི་བ་གཙང་སེལ་ཐུབ་པ་མ་ཟད། སྐྱེ་ལྡན་ལུད་ཐོན་སྐྱེད་ཐུབ་ནས་ཐོན་ཁུངས་དང་ཕན་འབྲས་ཆེ་ཤོས་མངོན་འགྱུར་བྱུང་ཡོད། མིག་སྔར་གསོ་ཚགས་ལྟེ་གནས་ལ་བཞོན་མ་མགོ་གྲངས་2000ལྷག་ཙམ་ཡོད་པ་དང་། ཉིན་རེར་འོ་མ་ཏུན་7ཐོན་སྐྱེད་ཐུབ་པ། འོ་མའི་སྟོན་རྟགས་ཚང་མ་རྒྱལ་སྤྱིའི་ཚད་གཞི་ལས་མཐོ་བ་ཡོད་པ་རེད།

    བཞོན་མ་གསོ་ཚགས་ལྟེ་གནས་འཕེལ་རྒྱས་ཕྱིན་པ་དེ་ནི་རང་ལྗོངས་ཀྱིས་ཞིང་འབྲོག་ཚན་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་སྤྱད་དེ་ཞིང་འབྲོག་ཐོན་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བའི་དཔེ་མཚོན་ཞིག་ཡིན་ཞིང་། ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ཁུལ་ཁོར་ཡུག་ལ་གཞིགས་ནས་རང་ལྗོངས་སུ་ནས་དང་། རྩྭ་ལས། འབྲི་གཡག དཀར་ཆུའི་ལས་རིགས། བོད་ཕག བོད་ལུག་བཅས་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ཆེན་པོ་དྲུག་གྲུབ་ཡོད། སྣ་ཁ་དང་། ཐོན་སྐྱེད། ལས་སྣོན་བཅས་འགག་རྩའི་ལྷུ་ཚིགས་གསུམ་གྱི་ལག་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་ལ་དམིགས་ཏེ་ཚན་རྩལ་གྱི་ཞན་ཆ་གསབ་ཡོད།

    ཚན་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་བྱུང་ནས་ཞིང་འབྲོག་ལས་འཕེལ་རྒྱས་ལ“གཤོག་ཟུང”བསྒར་ཞིང་། ཚན་རྩལ་འདེགས་སྐྱོར་དུ་བྱེད་པ་དང་ཁྲོམ་ར་སྟོན་ཕྱོགས་སུ་བྱས་ཚེ་རང་ལྗོངས་ཀྱི་ཞིང་འབྲོག་ལས་དེ་ས་མཐོའི་ཁྱད་ཆོས་དང་བོད་ཀྱི་དོན་དངོས་དང་འཚམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་འཕེལ་རྒྱས་ཀྱི་ལམ་བུ་རྩེ་གྲར་བསྐྱོད་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།