[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • སྐོར་སྐྱོད་ཚན་རྩལ་ཁང་ལས་ཞིང་འབྲོག་མང་ཚོགས་ཀྱིས་ཚན་རྩལ་གྱི་མཚར་སྡུག་མྱོང་རོལ་ཐུབ་པ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-27

    ཤིན་ཧྭ་གསར་འགྱུར་ཁང་དུ་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཀྲུང་གོ་སྐོར་སྐྱོད་ཚན་རྩལ་ཁང་རྒྱལ་ཡོངས་སྐོར་འགྲེམས་རེས་སྐོར་གཉིས་པའི་མཚོ་སྔོན་ཞིང་ཆེན་སྐོར་འགྲེམས་བྱེད་སྒོ་ས་བབ་མཐོ་ཚད་སྨི་3628ཟིན་པའི་གཅིག་སྒྲིལ་རྫོང་དུ་སྤེལ་ཞིང་། དུས་ཡུན་ཉིན་བཅུའི་སྐོར་འགྲེམས་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་ལ་ཚན་རིག་ཁྱབ་གདལ་ཡག་པོ་བཏང་ཡོད་པ་རེད།

    “ང་དགའ་ཤོས་ནི་འཕྲུལ་མིའི་འཁྲབ་སྟོན་ཡིན། འཕྲུལ་མིས་རླུང་འཕྲིན་ལུས་སྦྱོང་ཡང་རྩེད་ཤེས་ཀྱི་འདུག ངས་སྔོན་ཆད་བརྙན་འཕྲིན་ནང་ནས་མ་གཏོགས་མཐོང་མྱོང་མེད། ད་ཆ་ང་ཚོའི་སློབ་གྲྭ་ནས་ཀྱང་ལྟ་ཐུབ་ཀྱི་འདུག”ཅེས་བཤད་སྒྲུབ་ཉི་མས་བརྗོད་པ་རེད།

    “འདི་གའི་བྱིས་པ་ཚོ་ཚན་རྩལ་འགྲེམས་དངོས་འདི་དག་ལ་ཡ་མཚན་སྐྱེ་གི་འདུག སྐོར་འགྲེམས་བྱེད་སྒོ་བརྒྱུད་ཞིང་འབྲོག་ཁུལ་གྱི་བྱིས་པའི་ཚན་རྩལ་སྤྲོ་སྣང་སྐྱེད་སྲིང་བྱེད་ཐུབ་པ་མ་ཟད། ད་དུང་ཁོང་ཚོའི་མཐོང་རྒྱ་ཡང་ཆེ་རུ་འགྲོ་ཐུབ”ཅེས་ཀྲུང་གོ་སྐོར་སྐྱོད་ཚན་རྩལ་ཁང་མཚོ་སྔོན་ཞིང་ཆེན་སྐོར་འགྲེམས་ཚན་རྩལ་ཟུར་ཁྲིད་པ་ཡན་ཝུན་ལིན་གྱིས་བརྗོད་པ་རེད།

    ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་བཏང་ནས་བདེ་ཐང་དང་གཙང་སྦྲ་ལྡན་པའི་འཚོ་བ་སྐྱེལ་སྟངས་ཤིག་འཇགས་པར་བྱ་ཆེད། སྐོར་འགྲེམས་བྱེད་སྒོའི་ཐོག་བོད་རྒྱ་སྐད་གཉིས་ཀྱི་ཚན་རྩལ་ཟུར་ཁྲིད་པ་བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་ས་གནས་ས་ཐོག་ཏུ་འགྲེལ་བཤད་བརྒྱབ་ནས་ཁོང་ཚོའི་དོགས་གཞི་བསལ་བ་རེད།

    མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀོན་ཀྲང་ཚེ་རིང་རྣམ་རྒྱལ་གྱིས། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་གིས་གནས་སྐབས་འགྲེམས་སྟོན་དང་སྐོར་སྐྱོད་ཚན་རྩལ་ཁང་ཟུང་འབྲེལ་བྱས་ཐོག་ཞིང་འབྲོག་ཁུལ་དུ་གསོན་ཉམས་ལྡན་པའི་ཚན་རྩལ་འགྲེམས་སྟོན་སྔར་བས་མང་པོ་བྱས་ནས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་སྤྲོ་སྣང་འཕེལ་བར་བྱས་པའི་ཁར་ཞིང་འབྲོག་ཁུལ་དུ་ཚན་རིག་ལག་རྩལ་ཤེས་བྱ་འགྲེམས་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་འབྲོག་མང་ཚོགས་ལ་དུས་རྒྱུན་འཚོ་བའི་སྐོར་གྱི་ཚན་རིག་ཤེས་བྱ་སྔར་བས་མང་པོ་ཁྱབ་སྤེལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།