[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སྐད་ཡིག་སློབ་ཁྲིད།
  • བོད་རང་སྐད་ཀྱི་རྒྱུན་མཁོའི་ཕལ་ཚིག་དང་ཞེ་ཚིག

  • ཡོང་ཁུངས།   བོད་ལྗོངས་རིག་གནས་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-28

    ཞེ་ཚིག་ཅེས་པ་ནི་གཞན་ལ་མོས་གུས་དང་ལྡན་པའི་སྒོ་ནས་བཀོལ་བའི་མིང་དང་ཚིག་དང་ཡིག་ཚོགས་ལ་གོ་དགོས་པ་ཡིན།   ཕ་ལ་ཡབ་དང་མ་ལ་ཡུམ།   །  མིང་ལ་མཚན་དང་ལུས་ལ་སྐུ།   །  གཟུགས་བརྙན་ལ་ནི་སྐུ་བརྙན་དང་།  །  མགོ་ལ་དབུ་དང་ངོ་ལ་ཞལ།  །  མིག་ལ་སྤྱན་དང་རྣ་ལ་སྙན།   །  སྣ་ལ་ཤངས་དང་ཁ་ལ་ཞལ།   །  སོ་ལ་ཚེམས་དང་ལྕེ་ལ་ལྗགས།  །   སྐེ་ལ་མགུལ་དང་ལག་ལ་ཕྱག།  རྐང་ལ་ཞབས་དང་ལྷམ་ཞབས་ཕྱགས།  །  རྐང་པར་ཞབས་པད་ཅེས་ཀྱང་བརྗོད།  །  མཛུ་གུ་ལ་ནི་ཕྱག་སོར་དང་།  །  ལག་པའི་སེན་མོར་ཕྱག་སེན་བྱ།  །  རྐང་མཛུབ་ལ་ནི་ཞབས་སོར་དང་།  །  རྐང་པའི་སེན་སོར་ཞབས་སེན་བརྗོད།  །  སེམས་ལ་ཐུགས་དང་སྐད་ལ་གསུང་།  །  གླུ་ལ་མགུར་དང་ལེན་པར་བཞེངས།  །  མདུན་ལ་དྲུང་དང་འཁྱག་ལ་བསིལ།  །  བསམ་ལ་དགོངས་དང་ཤེས་ལ་མཁྱེན།  །  ལྟ་ལ་གཟིགས་དང་ཉན་ལ་གསན།  །  རྣ་བས་ཚོར་བར་སྙན་གྱིས་གསན།  །  ཁྱོད་ལ་ཁྱེད་དང་ཁོ་ལ་ཁོང་།  །  འགྲོ་ལ་བྱོན་དང་དང་འདུག་ལ་བཞུགས།  །  ལས་ཀར་ཕྱག་ལས་སྙིང་ལ་ཐུགས།  །  ལངས་ལ་བཞེངས་དང་ཉལ་ལ་གཟིམས།  །  ཟ་ལ་གསོལ་དང་འཐུང་ལ་བཞེས།  །  །  ཇ་ལ་གསོལ་ཇ་ཆང་གསོལ་ཆང་།  །  བཏུང་བར་སྐྱེམས་དང་གཉིད་ལ་མནལ།  །  ཤ་ལ་ཀྲུམ་དང་ཁྲག་ལ་མཚལ།  །  སྦྱིན་ལ་འབུལ་དང་བཟུང་ལ་སྣོམ།  །  གྱོན་ལ་ནབ་དང་སླེབས་ལ་ཕེབས།  །  དགའ་ལ་དགྱེས་དང་སྐྱོ་ལ་སུན།  །  སྐྱེ་ལ་འཁྲུངས་དང་ཤི་ལ་འདས།  །  ཤི་ལ་གྲོངས་གཤེགས་ཟེར་བའང་ཡོད།  །  ངུ་ལ་བཤུམ་དང་བགད་ལ་བཞད།  །  འདྲི་ལ་ཞུ་དང་བཤད་ལ་གསུངས།  །  སྟེར་ལ་གནང་དང་བྱེད་ལ་མཛད།  །  སྟེར་བར་བསྩལ་བ་ཞེས་ཀྱང་བྱ།  །  ནད་ལ་སྙུན་དང་ན་ལ་སྙུང་།  །  ནད་གཞི་ལ་ནི་སྙུང་གཞི་ཟེར།  །  བསད་པ་ལ་ནི་བཀྲོངས་པ་དང་།  །  ལས་དོན་ལ་ནི་མཛད་འཕྲིན་ཟེར།  །  བུ་དང་བུ་མོར་སྲས་སྲས་མོ།  །  མགོ་ཡི་ཞྭ་ལ་དབུ་ཞྭ་དང་།  །  ལུས་ཀྱི་གོས་ལ་ན་བཟའ་ཞེས།  །  སྐེ་རགས་མིང་དུ་སྐུ་ཆིངས་དང་།  །  རྐུབ་བཀྱག་ལ་ནི་ཞབས་བཀྱག་ཟེར།  །  རྐང་ཐང་ལ་ནི་ཞབས་ཐང་བརྗོད།  །  མགོ་ཡི་སྐྲ་ལ་དབུ་སྐྲ་དང་།  །  ཁ་སྤུ་ལ་ནི་ཞལ་ཚོམ་མོ།  །  གྲོད་པ་ལ་ནི་གསོལ་གྲོད་དང་།  །  སྡོད་ཁང་ལ་ནི་གཟིམ་ཆུང་ཟེར།  །  ཉལ་སའི་ཁྲི་ལ་གཟིམས་ཁྲི་དང་།  །  རྨི་ལམ་ལ་ནི་གཟིམས་ལམ་དང་།  །  ཉལ་ཆས་དག་ལ་གཟིམས་ཆས་ཟེར།  །  པར་རྒྱག་པ་ལ་སྐུ་པར་སྐྱོན།  །  ལན་རྒྱག་པ་ལ་ལན་སྐྱོན་བྱ།  །  ལྟ་ཚུལ་ལ་ནི་གཟིམས་ཚུལ་དང་།  །  ལྟ་སྐོར་བྱེད་པར་གཟིགས་སྐོར་ཟེར།  །  ཁྲོ་བའི་མིང་ལ་དགོངས་པ་འཚོམས།  ། གཤེ་གཤེ་བཏང་བར་བཀའ་བཀྱོན་གནང་།  །  བཟོད་སྒོམ་ཞུ་བར་དགོངས་དག་ཞུ།  །  མི་ཚེ་ལ་ནི་སྐུ་ཚེ་དང་།  །  ཤེས་རབ་མིང་དུ་མཁྱེན་རབ་ཟེར།  །  ཤེལ་མིག་ལ་ནི་སྤྱན་ཤེལ་དང་།  །  མིག་ཆུ་ལ་ནི་སྤྱན་ཆབ་ཅེས།  །  ཆུ་ཡི་མིང་ལ་ཆབ་དང་ནི།  །  ཆུ་ཡི་མཆོད་པར་ཡོན་ཆབ་ཟེར།  །  གཅིན་པའི་མིང་དུ་གསང་ཆབ་དང་།  །  ཕུང་པོ་རོ་ལ་སྐུ་གདུང་སྨྲ།  །  རྒྱུ་བདག་མིང་ལ་ཕྱག་མཛོད་དང་།  །  བཟའ་གྲོགས་མོ་ལ་ལྷ་ལྕམ་དང་།  །  བཟའ་ཟླ་གཉིས་ལ་ཡབ་ཡུམ་བརྗོད།  །  སློབ་དཔོན་ཆེན་པོར་ཡོངས་འཛིན་ཞུ།  །  བཞོན་པའི་རྟ་ལ་ཆིབས་རྟ་དང་།  །  རྟ་ལྕག་ལ་ནི་ཆིབས་ལྕག་ཟེར།  །  རྟ་བཞོན་པ་ལ་རྟ་ཆིབས་པ།  །  རྟ་སྒ་ལ་ནི་ཆིབས་སྒ་དང་།  །  འགྲོ་ལ་ཆིབས་བསྒྱུར་ཅེས་ཀྱང་བརྗོད།  །  སྐྲ་བྲེག་པ་ལ་དབུ་སྐྲ་བསིལ།  །  བྲིས་པའི་ཡི་གེར་ཕྱག་བྲིས་བརྗོད།  །  ངོ་ཐུག་པ་ལ་མཇལ་འཕྲད་དང་།  །  ཁྲུས་བྱེད་པ་ལ་ཁྲུས་གསོལ་ཟེར།  །  འགོ་ཁྲིད་ལ་ནི་དབུ་ཁྲིད་དང་།  །  འགོ་གཙོ་ལ་ནི་དབུ་གཙོ་བརྗོད།  །  ལག་མགོར་བཞག་པར་ཕྱག་དབང་གནང་།  །  འགོ་འཛུགས་པ་ལ་དབུ་འཛུགས་དང་།  །  དབུ་བརྙེས་ཞེས་ཀྱང་ཟེར་སྲོལ་ཡོད།  །  མགོ་ཡི་རྒྱན་དང་དབུ་རྒྱན་དང་།  །  སྐེ་རྒྱན་མིང་དུ་མགུལ་རྒྱན་ཟེར།  །  གཅོད་བྱེད་གྲི་ལ་ཕྱག་ཤན་བྱ།  །  དཀའ་ཚེགས་ལ་ནི་འོ་བརྒྱལ་དང་།  །  སྐུ་ཚེགས་སྐུ་མཉེལ་སོགས་ཀྱང་བརྗོད།  །  སྐྲུན་པ་ལ་ནི་བཞེངས་པ་དང་།  །  ཁས་བླངས་པ་ལ་ཞལ་བཞེས་དང་།  །  ཡ་ཡ་ཟེར་བར་ལེགས་སོ་ཞུ།  །  དོ་ཁུར་ཞེས་པར་ཐུགས་ཁུར་དང་།  །  སེམས་ལ་ངེས་པར་ཐུགས་ལ་མངའ།  །  བསམ་འཆར་ལ་ནི་དགོངས་འཆར་དང་།  །  སྤུན་ཟླའི་མིང་ལ་སྐུ་མཆེད་འབོད།  །  མགྲོན་འབོད་པ་ལ་གདན་འདྲེན་ཞུ།  །  བྱ་དགའ་སྟེར་ལ་གསོལ་རས་གནང་།  །  ཁ་ཆེམས་ལ་ནི་ཞལ་ཆེམས་དང་།  །  ཐང་ག་ལ་ནི་ཞལ་ཐང་ཟེར།  །  ལུས་ཁམས་མིང་ལ་སྐུ་ཁམས་དང་།  །  མིང་བཏགས་པ་ལ་མཚན་གསོལ་བརྗོད།  །  འགྲོ་རོགས་ལ་ནི་ཕེབས་གྲོགས་དང་།  །  རྒད་པོ་རྒན་མོར་བགྲེས་སོང་ཟེར།  །  ཁ་དྲོར་ཞལ་དྲོ་སྐུ་མཁྱེན་་དང་།  །  ཁ་བཏགས་ལ་ནི་མཇལ་དར་ཞུ།  །  མི་རབས་ལ་ནི་སྐུ་ཕྲེང་དང་།  །  ག་ལེར་སོང་ལ་ག་ལེར་ཕེབས།  །  ཚུར་ཤོག་ཅེས་པར་ཚུར་སྤྱོན་དང་།  །  ལུས་ཤ་རྒྱགས་པར་སྐུ་ཤ་འབྱོར།  །  སྡོད་སའི་གྲལ་ལ་བཞུགས་གྲལ་འབོད།  །  ཁ་ཏ་ལ་ནི་ཞལ་ཏ་དང་།  །  ཁ་འདོན་ལ་ནི་ཞལ་འདོན་གསུང་།  །  སྡོད་རོགས་ཞེས་པར་བཞུགས་གདན་འཇགས།  །  སྐྱེས་སྐར་ལ་ནི་འཁྲུངས་སྐར་དང་།  །  སྐྱེས་པ་ལ་ནི་སྐུ་བལྟམས་པ།  །  ཚིག་པ་ཟ་བར་དགོངས་འགལ་དང་།  །  ཁོང་ཁྲོ་མ་ལང་ཞེས་པ་ལ།  །  དགོངས་པ་མ་ཚོམས་ཞེས་ཀྱང་བརྗོད།  །  ཁོག་རྒྱ་ལ་ནི་ཐུགས་རྒྱ་དང་།  །  སེམས་ཁྲལ་ལ་ནི་ཐུགས་ཁྲལ་བྱ།  །  སྲུང་མདུད་ལ་ནི་ཕྱག་མདུད་དང་།  བསླབ་བྱ་ལ་ནི་བཀའ་སློབ་དང་།  །  སེམས་དགའ་དགའ་ལ་ཐུགས་དགྱེས་དགྱེས།  །  སྙིང་རྗེ་ལ་ནི་ཐུགས་རྗེ་དང་།  གཏམ་བཤད་ལ་ནི་གསུང་བཤད་ཟེར།  །  དཀར་ཡོལ་ལ་ནི་ཞལ་དཀར་དང་།  །  སྡེར་མ་ལ་ནི་གསོལ་སྡེར་ཞེས།  །  སྡོད་གུར་མིང་ལ་བཞུགས་གུར་དང་།  །  ཉལ་ཁང་ལ་ནི་གཟིམས་ཤག་ཟེར།  །  ཕོ་བྲང་དང་ནི་ཁྱིམ་སོགས་ལ།  །  ཁབ་ཅེས་འབོད་སྲོལ་ཡོད་པ་དཡིན།  །  སྡོད་པའི་དུས་ལ་བཞུགས་རིང་དང་།  །  དཔུང་རོགས་ལ་ནི་ཕྱག་རོགས་བྱ།  །  གླེང་མོ་བྱེད་པར་བཀའ་མོལ་དང་།  །  དོགས་ཟོན་ལ་ནི་ཐུགས་ཟོན་ཞེས།  །  བྱས་རྗེས་ལ་ནི་མཛད་རྗེས་དང་།  །  བྱ་གཞལ་ལ་ནི་མཛད་འཕྲིན་བྱ།  །  བློ་འདྲི་བ་ལ་བཀའ་འདྲི་དང་།  །  བློ་ལ་བབ་པར་ཐུགས་ལ་བབ།  །  མིང་གྲགས་ལ་ནི་མཚན་སྙན་དང་།  །  མིང་རྟགས་བཀོད་པར་མཚན་རྟགས་བཀོད།  །  མིང་འཛིན་ལ་ནི་མཚན་འཛིན་དང་།  །  མིང་ཤོག་ལ་ནི་མཚན་ཤོག་བྱ།  །  རྩོམ་ཡིག་མིང་ལ་གསུང་རྩོམ་དང་།  །  ཚ་ཞང་ལ་ནི་དབོན་ཞང་ཞེས།  །  ཟས་རིན་ལ་ནི་གསོལ་ཡོན་དང་།  །  ཟས་ལྷག་མིང་ལ་གསོལ་ལྷག་ཟེར།  །  ལོ་གྲངས་ལ་ནི་དགོངས་ལོ་དང་།  །  གོས་རྒྱན་སྤྲས་པར་སྒྲོན་ཞེས་བརྗོད།  །  ཡོང་བའི་མིང་ལ་ཞབས་བཅགས་དང་།  །  ཡོངས་ཤེས་ལ་ནི་ཀུན་མཁྱེན་ནམ།  །  ཐམས་ཅད་མཁྱེན་པ་ཞེས་ཀྱང་བྱ།  །  གཤིས་རྒྱུད་ལ་ནི་ཐུགས་རྒྱུད་དང་།  །  བཤད་ཁྲིད་བྱེད་པར་ལྗགས་ཁྲིད་ཅེས།  །  བསམ་གཞིགས་ལ་ནི་དགོངས་བཞེས་དང་།  །  བསམ་ཚུལ་ལ་ནི་དགོངས་ཚུལ་བརྗོད།  །  ལག་པའི་རྗེས་ལ་ཕྱག་རྗེས་དང་།  །  ལག་བསྟར་མ་ལ་ཕྱག་བསྟར་མ།  །  ལག་དངུལ་ལ་ནི་ཕྱག་དངུལ་དང་།  །  ལོ་གསར་གནམ་ལོ་གསར་ཚེས་ཟེར།  །  ཤེས་རྒྱ་ལ་ནི་མཁྱེན་རྒྱ་དང་།  །  ཤེས་གསལ་ལ་ནི་མཁྱེན་གསལ་བྱ།  །  མཉམ་འཛོམས་ལ་ནི་ལྷན་འཛོམས་དང་།  །  སེེམས་ལྷོད་ལྷོད་ལ་ཐུགས་ལྷོད་ལྷོད།  །  ཨ་ཁུར་ཨ་ཁུ་ལགས་ཞེས་དང་།  །  ཨ་ནེར་ཨ་ནེ་ལགས་ཞེས་བོས།  །  ཁ་པར་ལ་ནི་ཞལ་པར་དང་།  །  ལག་འཕྲིན་ལ་ནི་ཕྱག་འཕྲིན་བརྗོད།  །  དེ་ལྟར་བྲིས་པའི་དགོས་པ་ཡང་།  །  གཞན་ལ་གུས་པ་མཛོན་བྱའི་ཕྱིར།  །  གུས་པའི་ཞེ་སའི་ཕྲེང་བ་འདི།  །  ལྷན་རྒྱས་ཡིད་ལ་ངེས་པར་སྨོན།  །

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།