[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སྐད་ཡིག་སློབ་ཁྲིད།
  • སྙན་ངག་གི་སྒྱུ་རྩལ་དང་སྙན་ངག་གི་རང་གཤིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-08-26

    དེ་ཡང་། བོད་ཀྱི་རིག་གནས་ཆུང་བ་ལྔའི་ནང་ཚན་གྱི་སྙན་ངག་རིག་པ་ནི་བསྟན་བཅོས་རྩོམ་པ་ལ་མེད་དུ་མི་རུང་བའི་རིག་གནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན། སྙན་ཚིག་གི་ཆ་ནས་ཀྱང་རྩོམ་ལ་འཇུག་ཚེ་རིན་ཐང་གཞལ་ཐབས་མེད་པའི་སྒྱུ་རྩལ་གྱི་ནུས་པ་འབུར་དུ་ཐོན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་ཐུབ། དེར་བརྟེན། མཁས་དབང་ཚེ་ཏན་ཞབས་དྲུང་གི་གསུང་ལས། “སྙན་ངག་གི་ཉམས་དང་ལྡན་པའི་ཚིག་སྦྱོར་མེད་ན། ཤེས་བྱའི་གནས་གཞན་ལ་ཅི་ཙམ་མཁས་ཀྱང་ནེ་ཙོའི་ཀློག་གི་ཚུལ་ལས་མ་འདས” ཞེས་དང་། དེ་བཞིན་འཇུ་མི་ཕམ་པས“དེ་ཡང་སྙན་ངག་ལེགས་པར་བསླབས་ན་གསུང་རབ་དགོངས་འགྲེལ་དང་བཅས་པའི་ཁོག་དོན་འགྲོལ་བ་ལ་ངང་གིས་ཕན་ཞིང་། ངག་སྦྱོར་རྩོམ་པ་གོམས་པར་བྱས་པའི་ཤུགས་ཀྱིས་ཚེགས་ཆུང་ངུས་གཞན་གྱིས་བརྩམས་པའི་དོན་ཤེས་ཤིང་། རང་ཉིད་ལེགས་བཤད་རྩོམ་པའི་མཐུ་དང་ལྡན་པར་འགྱུར་བ་ཡིན་ལ། ཚུལ་དེ་ལས་སྐྱེས་པའི་ནང་གི་དགའ་བ་རྒྱུན་ཆགས་སུ་འཕེལ་བའི་ཕྱིར། རིག་ལམ་འདི་ནི་བདུད་རྩིའི་རྒྱ་མཚོ་དྲི་མ་མེད་པ་དང་འདྲ་བར་མཁས་པ་རྣམས་ཀྱི་འཇུག་ངོགས་དམ་པ་ཉིད་དུ་ཤེས་པར་བྱའོ”ཞེས་གསུངས་པ་ལྟར། ཚིག་རྒྱན་ལས་འཕྲོས་པའི་སྙན་ངག་རིག་པ་འདི་ནི་ཚིག་རྫོབ་དང་མིང་བརྡ་རང་རྐྱ་བའི་སྡེབ་ལུགས་ཙམ་ལ་མི་བཤད་པར་བསྟན་བཅོས་རྩོམ་པ་ལ་འཇུག་ཚེ་མེད་དུ་མི་རུང་བ་ཞིག་དང་། ལྷག་པར་སྙན་ངག་གི་རིག་པ་འདི་ལས་དང་པོ་བ་ཞིག་ལ་ཆ་མཚོན་ན། སྙན་ངག་གི་རྩ་བའི་ཁྱད་ཆོས་དང་སྒྱུ་རྩལ་གྱི་རང་བཞིན་གྱ་ནོམ་པ་ལ་ནན་ཏན་གྱི་སྒོ་ནས་ལྟ་ཀློག་བྱ་བ་སོགས་ངེས་ཤེས་ཟབ་མོ་དགོས། སྙན་ངག་གི་རྩ་བའི་ཁྱད་ཆོས་ནི། ཉམས་དང་འགྱུར་བ་གཉིས་ཀྱི་སྒོ་ནས་ཐོན་དགོས་པས། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས“སྐབས་འདིར་ཉམས་དང་འགྱུར་བ་ཞེས་པ་ནི། དགའ་བ་དང་ཁྲོ་བ་སོགས་ཡིད་ཀྱི་འགྱུར་བ་ནི། ལུས་ངག་ཏུ་མ་ཤར་བའི་ནང་གི་འགྱུར་བ་ཡིན་ལ། དེ་ཉིད་ཇེ་ཆེར་འཕེལ་ནས་འཛུམ་པའམ་ཁྲོ་གཉེར་བསྡུས་པ་ལྟ་བུ། ལུས་ངག་ཏུ་ཤར་བ་ནི་ཉམས་ཡིན་ཞིང་། དེ་ཡང་ཁོང་ནས་དགའ་བའི་འགྱུར་བ་ལ་ཕྱི་རོལ་དུ་སྒེག་པའི་ཉམས་དང་། རྒོད་བྲོ་བ་ལ་བཞད་གད་དམ་གད་མོ་དགོད་པའི་ཉམས་དང་། ཤི་འབྲལ་སོགས་ཀྱི་མྱ་ངན་ལ་བཞིན་མདངས་ཉམས་ཤིང་། སྙིང་རྗེ་བའི་ཉམས་དང་། ཁྲོ་བ་ལ་དྲག་ཤུལ་ལམ། ཁྲོ་གཉེར་བསྡུས་པའི་ཉམས་དང་། སེམས་ཀྱི་གཟེངས་མཐོ་བ་ལ་སྤོབས་པ་ཆེ་ཞིང་དཔའ་བའི་ཉམས་དང་། སྐྲག་པ་ལ་འཇིགས་ཤིང་བག་འཁུམས་པའི་ཉམས་དང་། སྐྱུག་བྲོ་བ་ལ་ཞེ་མེར་ཞིང་མི་སྡུག་པའི་ཉམས་དང་། ངོ་མཚར་བ་ལ་རྨད་བྱུང་ངམ་རྔམ་པའི་ཉམས་ཏེ་ཉམས་བརྒྱད་ཡོད”ཅེས་མང་དུ་བསྟན་པ་བཞིན་རྩོམ་པ་པོའི་ནང་སེམས་ཀྱི་འགྱུར་བ་སྣ་ཚོགས་དེ་ཉིད་ཕྱིའི་ཉམས་ཀྱི་ཁྱད་ཆོས་མི་འདྲ་བ་གཉིས་རྒྱུ་འབྲས་ཀྱི་ཚུལ་དུ་ཡོལ་བ་ལ་གཟུགས་བརྙན་ཇི་བཞིན་འོངས་བ་དག་གོང་ནས་དྲངས་པ་བཞིན་སྙན་ངག་གི་གཞུང་དུ་ཉམས་མི་འདྲ་བ་བརྒྱད་དུ་འདུ་བ་དང་། ཉམས་དེ་དག་མིང་བརྡ་ཕུན་སུམ་ཚོགས་པའི་ལམ་ནས་དྲངས་ཏེ་ཀློག་པ་པོའི་ཡིད་ངོས་ལ་དགའ་སྐྱོ་ཆགས་སྡང་གི་སྣང་བ་མངོན་སུམ་དུ་འདྲེན་པའི་ཐུན་མོང་མ་ཡིན་པའི་ཐབས་ལམ་འདི་ནི་སྙན་ངག་རིག་པའི་རང་གཤིས་ཡིན་པས་ཁྱད་ཆོས་འདི་ཚད་མ་དང་། བཟོ་དང་གསོ་བ་རིག་པ་སོགས་མ་ཡིན། རྒྱུ་མཚན་དེ་རིགས་ཀྱི་དབང་གིས་སྙན་ངག་གི་རྩ་བའི་ཁྱད་ཆོས་ལ་མ་རྨོངས་ཚེ། སྙན་ངག་ཀློག་པ་དང་། ཡང་ན་རང་ཉིད་ཀྱིས་འབྲི་བ་སོགས་ནི་ཕྱོགས་ཀྱིས་མ་བསླད་པའི་མགྲོན་པོ་ལྟ་བུར་འགྱུར་བ་ཡིན།

    གཞན་ཡང་། དེང་དུས་ཀྱི་རིག་ཚན་དབྱེ་ཞིབ་ངོས་འཛིན་སྟངས་ལྟར་བྱས་ན་སྙན་ངག་རིག་པ་ནི་སྒྱུ་རྩལ་བརྩམས་ཆོས་སུ་གཏོགས་ཤིང་། སྒྱུ་རྩལ་བརྩམས་ཆོས་ཀྱི་རྩ་བའི་ཁྱད་ཆོས་ལ་མཁས་དབང་དོར་ཞི་མཆོག་གིས“སྒྱུ་རྩལ་རྩོམ་གྱི་བརྗོད་བྱ་ནི་སྒྲོ་བཏགས་ཀྱི་འཇིག་རྟེན་དང་། རྟོག་བཟོས་ཀྱི་འཇིག་རྟེན་ཞིག་ཡིན། སྒྲུང་གཏམ་དང་སྙན་ཚིག་ཟློས་གར་ནང་དུ་བཤད་དོན་སྒྲོས་ཟིན་ལྟར་གྱི་བདེན་པ་གཅིག་ཀྱང་མེད་ལ། ཚད་མས་གྲུབ་པའི་བརྗོད་བྱ་མིན་ནོ”ཞེས་དང་། ཡང་དེ་ཉིད་ལས“ཚད་ལས་བརྒལ་བར་བརྗོད་པའི་ཕུལ་བྱུང་དང་། རང་བཞིན་ཁྱད་ཆོས་སོགས་ལ་བསྙོན་བཙུགས་པས། བརྗོད་བྱའི་རང་བཞིན་ཁྱད་ཆོས་འབུར་དོད་དུ། སྟོན་པ་སྐྱ་ཐིག་སྟེང་དུ་ཚོན་སྒོས་འདྲ” ཞེས་པ་ལྟ་བུ་སྒྱུ་རྩལ་རྩོམ་རིག་གི་ཁྱད་ཆོས་སྣ་ཚོགས་ལུང་དུ་དྲངས་ནས་མང་དུ་བསྒྲུབས་ཡོད་པར་མ་ཟད། སྒྱུ་རྩལ་བརྩམས་ཆོས་སྤྱི་དང་བྱེ་བྲག་ཏུ་སྙན་ངག་རིག་པར་རིག་གཞུང་གཞན་དང་མི་མཚུངས་པར་རྟོག་བཟོ་དང་འཁྱོག་བརྗོད་གབ་བསྡུས་སོགས་ཀྱི་ཁྱད་ཆོས་ཆེ་བར་བསྟན་ཡོད་ཅིང་། སྙན་ངག་ལ་འཇུག་མཁན་ཞིག་ཡིན་ན། ཐོག་མར་སྙན་ངག་གི་སྒྱུ་རྩལ་ཞེས་པ་འདི་ལ་གོ་བ་ཟབ་མོ་ཞིག་ལེན་ཐུབ་དགོས་པ་ནན་གྱིས་བསྟན་ཡོད། གལ་སྲིད་སྙན་ངག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་དག་མ་རྟོགས་ཚེ། རྟོག་བཟོ་དང་འཁྱོག་བརྗོད་ཀྱི་གོ་དོན་གཞན་དུ་སོང་ནས་སྙན་ངག་གི་རོ་མྱོང་མི་ཐུབ་ལ། སྙན་ངག་ཅེས་པ་ནི་དོན་དུ་རྫུན་ཐོག་རྫུན་བརྩེགས་ལྟ་བུའི་ཡ་མ་གཟུགས་ཀྱི་ཚིག་འགྲོས་ཙམ་དུ་འགྲོ་ཉེན་ཆེ།

    སྤྱིར་སྙན་ངག་གི་གཞུང་དུ་གསུངས་པའི་རྟོག་བཟོ་དང་འཁྱོག་བརྗོད་ཀྱི་རྒྱན་སོགས་ནི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་མཐའ་དག་ཕྱིའི་ཉམས་འགྱུར་མི་འདྲ་བ་བརྒྱད་ཀྱི་སྒོ་ནས་གཟུགས་བརྙན་གསལ་རྗེན་དུ་སྟོན་སླད་རྒྱན་འདི་ཉིད་མཛད་པ་ལས། དོན་གྱི་ས་བོན་མེད་པར་སོག་མའི་ཡལ་ག་ཐོགས་པ་ཞིག་ག་ལ་ཡིན་མོད། འོན་ཀྱང་སྙན་ངག་གི་སྒྱུ་རྩལ་དང་སྙན་ངག་གི་རྩ་བའི་གནད་མི་ཤེས་པ་དག་ལ་གོ་འཛོལ་འབྱུང་ངེས་པ་ཡིན། དེར་བརྟེན། སྙན་ངག་གི་ཁྲོད་དུ་བྱུང་བའི་དཔེ་དང་ཐ་སྙད་དག་གཏན་ཚིགས་རིག་པའི་གཞུང་ལྟར་དོན་དངོས་དབང་བཙན་པ་ཞིག་མ་ཡིན་པར། རྟོག་བཟོ་དང་འཆར་ཡན་གྱི་ཁྱད་ཆོས་ཤིན་དུ་ཤུགས་ཆེ་བ་དཔེར་ན། གསེར་གྱི་ལྷུན་པོ་བཞིན་དུ་བརྗིད་པའི་སྐུ། འོ་མའི་རྒྱ་མཚོ་བཞིན་དུ་ཟབ་པའི་ཐུགས། དཔྱིད་ཀྱི་དུས་འདི་ལྷ་ཡུལ་ལྟ་བུར་སྐྱིད། ཉི་མ་འབུམ་ལས་ལྷག་པའི་མཛེས་སྡུག་ལྡན། ལྟ་བུ་དངོས་ཡོད་ཀྱི་འཇིག་རྟེན་འདིར་མི་སྲིད་པའི་དཔེ་མང་པོ་བཀོད་ནས་སྐབས་ཀྱི་བརྗོད་བྱ་གང་ཡིན་པ་དེ་གསོན་ཉམས་རྒྱས་པ་ཅན་དུ་བྱས་པ་སོགས་ཀྱི་དོན་འདི་རིགས་སྙན་ངག་གི་དཔེ་འགོད་ལུགས་འདི་འདྲ་བ་སྙན་ངག་ཁོ་ན་ཙམ་དུ་ཟད་དེ། ཚད་མ་རིག་པ་སོགས་སུ་དོན་རྟོགས་པ་ལ་དཔེ་བཀོད་པ་ཤིན་ཏུ་མང་ཡང་། དཔེ་དེ་དག་གཏན་ཚིགས་དབང་བཙན་དུ་བྱས་ཡོད། དཔེར་ན། བུམ་པ་ཆོས་ཅན། མི་རྟག་དེ། ཀ་བ་བཞིན་ཞེས་བཀོད་ཚེ། ཀ་བ་དཔེ་ཡིན་ཡང་། དཔེ་དེ་སྙན་ངག་ཁྲོད་ཀྱི་དཔེ་བཞིན་རྟོག་བཟོ་དང་འཆར་ཡན་གྱི་བསྡུས་གཟུགས་ལྟ་བུ་ཞིག་མ་ཡིན་པར། དངོས་པོའི་གནས་ཚོད་ལ་མཐུན་ཞིང་རྟགས་དང་གཏན་ཚིགས་གཉིས་ཀྱིས་འཇལ་ཐུབ་པ་ཞིག་ཡིན། དེ་བཞིན་མཁས་དབང་དོར་ཞི་མཆོག་གིས“སེམས་ལྡན་མི་ཡི་ཁྱད་ཆོས་སེམས་མེད་ཀྱི། དངོས་པོའི་སྟེང་དུ་འདོད་པས་བཏགས་བྱས་ཏེ། སེམས་མེད་སེམས་ལྡན་ཁྱད་ཆོས་ལྡན་པ་ཡི། གསོན་ཉམས་སྟེར་བའི་ཐབས་མཆོག་རབ་རྟོག་བསྟེན”ཞེས་གསུངས་པ་ལྟ་བུ་སྙན་ཚིག་རང་སྟེང་ན་གནས་པའི་སྙན་ངག་རིག་པའི་རང་གཤིས་ལ་སྒྲོ་སྐུར་ཅི་ཡང་མ་སོང་བར་སྙན་ངག་གི་ཉམས་འགྱུར་དང་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་ལ་བློ་མིག་ཡངས་པོའི་སྒོ་ནས། སྙན་ངག་རིག་པ་དང་སྙན་ངག་པ་དག་གི་སོ་མཚམས་ལ་ནན་ཏན་གྱིས་འཇུག་པ་ནི་རྩོམ་པའི་ལས་ལ་འཇུག་པའི་ལས་དང་པོ་ཡིན་པ་མ་ཟད། སྙན་ངག་གི་རིན་ཐང་དང་སྙན་ངག་གི་སྒྱུ་རྩལ་ལ་ངེས་ཤེས་ཡོང་བའི་ལམ་བུ་རྣལ་མ་དེའང་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།