[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློམ་མའི་ལེགས་རྩོམ།
  • ལྷིང་འཇགས་ཀྱི་མཚན་མོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སྤེན་ཚེ་གཞོན་པ།    |    སྤེལ་དུས།   2017-01-22

    འཕུར་ལྡིང་ལ་རྩེན་པའི་འདབ་ཆགས་ཚང་མལ་དུ་ལོག་ཟིན། མ་མོས་ལུ་གུ་ཁྲིད་དེ་སྔ་ས་ནས་ལྷས་སུ་ལོག་ཟིན།

    གསེར་མདོག་ཅན་གྱི་ཁྲི་གདུགས་ཉི་མ་དེ་ཡང་ཆེས་མཐའ་མཇུག་གི་ཟེར་འོད་དབང་ཕྱོགས་ལྷུན་པོའི་སྤོ་ལ་ཤུགས་ཀྱི་འགྱེད་ཀྱིན་ནུབ་ཕྱོགས་ཆུ་ལྷའི་ཕང་བར་བཞུད་ལ་ཉེ། ད་ནི་གང་མགྱོགས་སྨག་རུམ་གྱི་ཡོལ་བ་ནག་པོས་འཛིན་མའི་བཞིན་རས་རིམ་གྱིས་བཏུམས་ནས། རི་གྲོང་འདིའི་འདུ་འཛི་དང་ཟང་ཟིང་མཐའ་དག་ལ་བསྡུ་གསོག་ཐེངས་གཅིག་བྱས་ཏེ། ལྷིང་འཇགས་ཀྱི་མཚན་མོའི་སྒེག་མ་མི་ཡུལ་འདིའི་མགྲོན་དུ་བསུ་ལ་བྲེལ།

    ལྷིང་འཇགས་ཀྱི་མཚན་མོ་སླེབས་པས། ཉིན་དཀར་ལས་ཀྱི་ཨ་ཐང་ཆད་པའི་སྐྱེ་འགྲོ་ཀུན་གྱི་ལུས་སེམས་གཉིས་ཀར་རེ་ཞིག་ངལ་གསོ་བའི་སྐལ་བ་སྨིན་ཏེ། ཆེས་དབེན་འཇམ་གྱི་ཁོར་ཡུག་ཅིག་དང་། བདེ་སྐྱིད་ཀྱི་མངའ་ཐང་ཞིག་ལོངས་སུ་སྤྱོད་བཞིན་མཆིས།

    ལྷིང་འཇགས་ཀྱི་མཚན་མོ་སླེབས་པས། སྦྲ་འདབས་ཀྱི་ཁུག་སོ་ན། བརྩེ་དུང་གི་མངར་ཁ་མྱོང་བཞིན་པའི་ན་གཞོན་ཕོ་མོ་ཟུང་ལ། སྙིང་གཏམ་དྲོན་མོ་གླེང་བའི་གོ་སྐབས་རྩ་ཆེན་ཞིག་བྱུང་། ཁོ་གཉིས་ཀྱིས་དཀར་གསལ་ཟླ་བ་དཔང་པོར་བཞག་ནས། ཕན་ཚུན་གཅིག་སེམས་གཅིག་ལ་སྦྲེལ་བའི། མི་འཇིག་རྡོ་རྗེ་ཡི་བརྩེ་དུང་གི་བཙན་རྫོང་ཞིག་བཞེངས་བསྐྲུན་དང་། ཁོ་གཉིས་ཁོ་ནར་དབང་བའི་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་པར་བྲེལ།

    ལྷིང་འཇགས་ཀྱི་མཚན་མོ་སླེབས་པས། མགོ་ནག་སེམས་ཅན་གྲངས་མེད་བདེ་བའི་མནལ་དུ་ངོ་མཚར་དང་མཛེས་སྡུག་གིས་ཕྱུག་པའི་རྨི་ལམ་ལྷ་མོའི་ཞིང་ཁམས་སུ་དགའ་སྐྱིད་དཔལ་ལ་རོལ་བཞིན་མཆིས།

    ལྷིང་འཇགས་ཀྱི་མཚན་མོ་སླེབས་རིམ་བཞིན། ངས་འོད་དུ་འཚེར་བའི་བྱིས་དུས་དྲན་འོང་། བྱིས་དུས་ཀྱི་མཚན་མོ་རེ་རེ་དྲན་འོང་། དེ་དུས་ང་རང་རང་ཁྱིམ་གྱི་གོ་ཁ་ནས། ཨ་མའི་པུས་མོ་ལ་བསྙེས་ཏེ། ཨ་ཕའི་ལྷ་སྒྲུང་མཚར་པོ་དག་རྣ་བའི་བཅུད་དུ་ལེན་བཞིན་ཡོད་ཨང་།

    ལྷིང་འཇགས་ཀྱི་མཚན་མོ་སླེབས་པས། མཚན་བགྲོད་ལ་གོམས་པའི་སྲིན་བྱ་འུག་པའི་ཚོགས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་མཚན་གཅིག་གི་བྱ་བའི་འགོ་བརྩམས་པ་དང་། ང་རང་ལྟ་བུ་ཤོག་སྙིགས་ཀྱི་ཕུང་པོར་ཤི་འཐམ་རོ་འཐམ་བྱེད་མཁན་ཚོ་ཡང་། ཆེས་དབེན་འཇམ་གྱི་ཁོར་ཡུག་དེ་རྒྱབ་ལྗོངས་སུ་བྱས་ནས། རི་རྒྱལ་ལྷུན་པོའི་གཏོས་དང་མཉམ་པའི་སྔོན་བྱོན་མཁས་དབང་དུ་མའི་རིན་ཐང་གཞལ་བར་དཀའ་བའི་ལྗགས་རྩོམ་དག་ལ་པད་མའི་མཚོ་ལ་ངང་ངུར་ཁྱུ་ཚོགས་འདུ་བ་བཞིན་རེ་རེ་བཞིན་ལོངས་སུ་སྤྱོད་པའི་སྐལ་བཟང་བྱུང་།

    ལྷིང་འཇགས་ཀྱི་མཚན་མོ་སླེབས་རིམ་བཞིན། ང་ཚོས་རང་ཉིད་ཀྱི་འཚོ་བའི་མྱོང་བས་གྲུབ་པའི་དྲན་རེག་དག སོར་རྩེའི་འདབ་མ་འགུལ་ཏེ་དབྱངས་གསལ་སོ་བཞིའི་མུ་ཏིག་གི་འཚེམ་དྲུབ་ཅིག མིག་ལྡན་ཀུན་གྱི་ཡིད་ཀྱི་གསོས་སུ་བཤམས་ཏེ། རྟོག་འཆར་གྱི་སྔོ་ཞིང་དྭངས་པའི་ནམ་མཁའ་ཡངས་མོ་ཞིག་བསྐྲུན་པར་བྲེལ།

    མཚན་མོ། ལྷིང་འཇགས་ཀྱི་མཚན་མོ། ཁྱེད་ཀྱིས་འདུ་འཛི་དང་ཟང་ཟིང་གི་དགྲ་ངན་ཐམས་ཅད་ཕ་མཐར་སྤྲུགས་ཏེ། དབེན་འཇམ་གྱི་བྱམས་པའི་གཉེན་དང་མཐུན་པའི་གྲོགས་གྲོགས་སུ་བཀུག་ཡོད།

    མཚན་མོ། ལྷིང་འཇགས་ཀྱི་མཚན་མོ། ང་ནམ་ཡང་ཁྱེད་ལ་དུང་ཞིང་ཞེན།

    རྒྱུ་མཚན་ནི། ཁྱེད་ཀྱི་བྱང་ཁོག་ཏུ། བདག་གི་མཛེས་སྡུག་གི་རྨི་ལམ་ཡོད་ཚད་སྦྲུམ་པས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།